ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བའི་ཉིན་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་འོག་དྲ་ལམ་བརྒྱུད། ཨ་རིས་རང་དབང་ལྡན་པའི་རྒྱལ་ཁབ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་བསྒྱུར་བཅོས་གཏང་རྒྱུར་འབོད་སྐུལ་གྱིས་བོད་དོན་ལ་ཞིབ་འཇུག་དང་རེ་བ། USA calls Free Nations to change Chinese Communist Party: Analysis and Prospects for Tibet ཞེས་པའི་བརྗོད་གཞིའི་ཐོག་དྲ་ཐོག་བཞུགས་མོལ་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་གཏན་འཁེལ་འདུག
སྐབས་དེར་གསུང་བཤད་གནང་མཁན་ཁག་ནི། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ Dr. Michael van Walt van Praag མཆོག ཨིན་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ནོར་མན་བྷེ་ཀར་ Norman Baker མཆོག་བཅས་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ་སྐོར་དང་། དེ་བཞིན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས། བོད་ཀྱི་བདག་དབང་གནས་བབ་དང་ཁྲིམས་ལུགས་སྐོར། ཨིན་ཡུལ་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ནོར་མན་བྷེ་ཀར་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པ་བསྒྱུར་བཅོས་གཏོང་བར་ཡུ་རོབ་ཀྱི་ལྟ་བ་ལངས་ཕྱོགས་འཛིན་སྟངས་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག
དྲ་ཐོག་བཞུགས་མོལ་བགྲོ་གླེང་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་བརྒྱུད་ཐད་སྲིང་གནང་རྒྱུ་ཡིན་འདུག་པ་བཅས། །