ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ལ་བོད་ནང་ཕར་འགྲོ་ཚུར་འོང་གི་ལོ་འཁོར་སྙན་ཐོ་ཐེངས་གཉིས་པ་ཕུལ་ཡོད། དེ་ཡང་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་༢༠༡༨ Reciprocal Access to Tibet Act ཞེས་པ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་ཁྲིམས་སུ་གཏན་འབེབས་གནང་བ་ནས་བཟུང་ཉིན་གྲངས་ ༩༠ ནང་ཚུད་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་གྲོས་ཚོགས་ལ་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་གོ་སྐབས་ག་ཚོད་ཕུལ་བའི་སྐོར་སྙན་ཐོ་ཞིག་འབུལ་དགོས་པ་དང་། ཉིན་གྲངས་ ༩༠ རྗེས་ལོ་འཁོར་རེར་སྙན་ཐོ་རེ་ལོ་ལྔའི་རིང་འབུལ་དགོས་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཕྱི་ལོ་ ༢༠༡༩ ལོའི་ལོ་འཁོར་སྙན་ཐོའི་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཨ་རིའི་གཞུང་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་ཁག་ལ་ཕེབས་རྒྱུར་བཀག་སྡོམ་བྱས་ཡོད། རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་ཚབ་མི་སྣ། ལས་བྱེད་གཞན་བཅས་བོད་རང་སྐྱོང་ལྗོངས་ནང་གཟིགས་སྐོར་དུ་ཕེབས་པར་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་པ་ལྟར་ཆོག་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད།
བོད་རང་སྐྱོང་ལྗོངས་མ་ཡིན་པའི་བོད་ཀྱི་ས་ཁུལ་ཁག་ལ་སྐྱོད་དགོས་ན་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་མེད་ནའང་། རྒྱ་ནག་གཞུང་དང་། ཆོས་ལུགས། སྤྱི་ཚོགས་བཅས་ཀྱི་འགོ་ཁྲིད་ཚོ་ཐུག་འཕྲད་བྱེད་པར་རྒྱ་ནག་གཞུང་གིས་རྒྱུན་དུ་བཀག་འགོག་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བདེ་སྲུང་མི་སྣས་ཨ་རིའི་གཞུང་འབྲེལ་མི་སྣ་དང་ལས་བྱེད་རྣམས་ནས་བོད་ཀྱི་ས་གནས་ཡུལ་མི་ཚོར་ཐུག་འཕྲད་དང་སྐད་ཆ་བཤད་རྒྱུར་བཀག་འགོག་དང་བསུན་གཙེར་བྱས་ཡོད།
ཨ་རིའི་བོད་རིགས་མི་སེར་ཚོ་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་པར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་ཡོད་པ་དང་། གསར་འགོད་པ་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་པར་རྒྱ་ནག་གཞུང་གིས་དེ་བས་དམ་བསྒྲགས་བྱས་ཡོད། ཅེས་སོགས་ཀྱི་སྙན་ཐོ་ལོ་འཁོར་སྙན་ཐོ་ཐེངས་གཉིས་པ་ཨ་རིའི་གྲོས་ཚོགས་ལ་ཕུལ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གོང་གི་གནད་དོན་དང་འབྲེལ་ནས་གསུང་དོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོའི་ནང་འཁོད་པ་ལྟར་ཨ་རིའི་གཞུང་ཚབ་མི་སྣ་དང་ལས་བྱེད་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་པར་རྒྱ་ནག་གཞུང་གིས་ལྟ་རྟོག་དང་དམ་བསྒྲགས་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་མི་སྣ་དག་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་སོགས་ལ་གཟིགས་སྐོར་དུ་ཕེབས་པར་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་མེད་པ་དང་། ཨ་རིའི་གཞུང་འབྲེལ་མི་སྣ་དག་གིས་རང་དབང་གི་སྒོ་ནས་བོད་ཀྱི་ས་གནས་ཡུལ་མི་ཚོ་དང་ལྷན་བཀའ་མོལ་གནང་བར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་ཡོད། ཅེས་སོགས་གསུངས།།