ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་གསལ་འདོན་དང་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་སླད་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༩ ཉིན་ནས་བཟུང་དུས་ཡུན་ལོ་གཅིག་རིང་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་གནས་སྡོད་དང་སློབ་ཟུར་པ་མིག་དམར་ཚེ་རིང་ལགས་ཀྱིས་སྦར་སེལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རེས་གཟའ་ལྷག་པ་ནམ་ཡིན་ལ་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ བར་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་ཡོད།
བོད་ནི་འཛམ་གླིང་ནང་རང་དབང་ཆེས་ཚད་དམའ་ཤོས་ཨང་གཉིས་པ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་བརྟེན་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༤ ཡིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད།
མིག་དམར་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་དགོས་འདུན་དོན་ཚན་གསུམ་ཅན་ཞིག་བཏོན་ཡོད་པ་གཤམ་གསལ།
༡༽ ཡུ་རོབ་སྤྱི་མཐུན་ཚོགས་པར་བོད་ཀྱི་གནད་དོན་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་རྒྱ་ནག་ནས་སྤྲོད་དགོས་པ་དང་།
༢༽ ཡུ་རོབ་སྤྱི་མཐུན་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་འགྱུར་ཡང་སྲིད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གྱིས་རྒྱ་རིགས་མང་ཚོགས་ལ་གོ་རྟོགས་སྤེལ་དགོས་པ།
༣༽ རང་དབང་ལུང་པར་ཡོད་པའི་མི་མང་གིས་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ལ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་དགོས་པ་བཅས་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་དང་འབྲེལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག་པ་བཅས།།