ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ ཉིན་སྦེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་སྲུང་ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་བསྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་གི་སྟེང་གསུང་བཤད་གནང་མཁན་རྒྱ་གར་གྱི་དམག་ཟུར་པི་ཇི་ཀ་མཱཏ་ P. G. Kamath ལགས་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་འཐབ་ཇུས་ཐོག་ཆེད་མཁས་པ་ཌི་ཨེས་ཅནྡྲ་ཤེ་ཁར་ Dr. T. S. Chandrashekhar ལགས། ལ་དྭགས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཕུན་ཚོགས་ལགས་བཅས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་པི་ཇི་ཀ་མཱཏ་ P. G. Kamath ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་མ་བྱས་གོང་བོད་ནི་རང་དབང་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འཕགས་བོད་ས་མཚམས་ཞི་བདེའི་ངང་གནས་ཡོད། ཅེས་དང་། ཨར་མེ་ནི་ཡ་དང་། བྷེ་ལ་ར་སི། ཨེ་སི་ཏོ་ནི་ཡ། ཇོར་ཇི་ཡ། ལ་ཏི་ཝི་ཡ་སོགས་དེ་སྔ་ཨུ་རུ་སུའི་མངའ་ཁོངས་ནས་རང་བཙན་ཐོབ་ཡོད་པ་ལྟར། བོད་ལའང་རང་དབང་འཐོབ་ངེས་རེད། ཅེས་གསུངས།
དེ་བཞིན་ཌི་ཨེས་ཅནྡྲ་ཤེ་ཁར་ Dr. T. S. Chandrashekhar ལགས་ཀྱིས། རྒྱ་ནག་ནི་དཔའ་འབྱོར་གྱི་ཆ་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པ་དང་། འཛམ་གླིང་མི་མང་གིས་བོད་ཀྱི་བདེན་དོན་སླད་གླེང་སློང་གནང་ན་བོད་ལ་རང་དབང་འཐོབ་ངེས་རེད། ཅེས་སོགས་གསུངས།
ཕྱོགས་མཚུངས་ཕུན་ཚོགས་ལགས་ཀྱིས། རྒྱ་ནག་གི་བཙན་འཛུལ་སྔོན་འགོག་ཆེད་ལ་དྭགས་མི་མང་གིས་ཀྱང་སོ་སོའི་ས་མཚམས་སྲུང་སྐྱོབ་གནང་སྟེ་རང་སྲོག་བློས་གཏོང་གནང་ཡོད། རྒྱ་ནག་གི་བཙན་འོག་ནས་བོད་ལ་མགྱོགས་མྱུར་རང་དབང་འཐོབ་པའི་རེ་བ་ཡོད། ཅེས་གསུངས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་ཡོད།
ཐེངས་འདིའི་དྲ་ཐོག་བགྲོ་གླེང་དེ་བཞིན་སྦེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ནི་རན་ཇན་Niranjan ལགས་དང་ཇེ་ཁོབ་ཌེ་ཝི་ཌི་Jacob David ལགས་རྣམ་གཉིས་ནས་མཐུན་འགྱུར་གནང་བ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ་དང་། རྒྱ་གར་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས། རྒྱ་གར་ལྷོ་ཕྱོགས་བདེ་སྐྱིད་སླར་གསོའི་གཞིས་བཅས་ཀྱི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་།
སྦེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཤི་བ་ནྣཏ་Shivanand ལགས་ཀྱིས་བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།