ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཙམ་གྱི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་རྒྱུན་ལས་ངག་དབང་ཐར་པ་ལགས་བཅས་ནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། ཀངྒ་ར་རྫོང་གི་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ Kishan Kapoor མཆོག་དང་ལྷན་དུས་ཚོད་སྔོན་ནས་གནང་དོན་ལྟར་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་གནང་ཡོད།
དེ་ཡང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་རྣམ་པས་སྐུ་ཞབས་ཁོང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བའི་རྗེས་མཇལ་འཕྲད་ཐེངས་དང་པོ་གནང་གི་ཡོད་སྟབས། ཐོག་མར་སྐུ་ཞབས་ཁོང་ཀངྒ་ར་རྫོང་གི་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་དང་། དེ་ནས་ཉེ་ཆར་སྐུ་ཞབས་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་དགོས་པའི་འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་མ་འོངས་པར་མུ་མཐུད་དེའི་ཐོག་འབོད་སྐུལ་གནང་རོགས་ཞུས་གནང་བ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མགྱོགས་བསྐྱར་འཛུགས་གནང་རྒྱུ་ཡིན་ན། དེའི་ནང་མཉམ་ཞུགས་དང་འགན་ཁུར་བཞེས་གནང་ཡོང་བ་བཅས་བཅས་ཞུས་གནང་བར། སྐུ་ཞབས་ཁོང་ནས་ཀྱང་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་སོང་།
གཞན་ཡང་མཇལ་འཕྲད་སྐབས་སྐུ་ཞབས་ཁོང་གིས་བོད་ཀྱི་གནད་དོན་རྒྱ་གར་གྲོས་ཚོགས་ནང་གླེང་སློང་གནང་རྒྱུའི་ཞལ་བཞེས་དང་། གལ་སྲིད་ད་རེས་ཆར་དུས་ཀྱི་གྲོས་ཚོགས་དེ་བཞིན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་ནམ་རྒྱུན་འཆར་ཅན་ལྟར་གྲོས་ཚོགས་འཚོགས་མ་ཐུབ་ན། མ་འོངས་པར་བོད་པའི་གནད་དོན་གྲོས་ཚོགས་རིམ་པའི་ནང་ཚད་དང་ལྡན་པའི་ཐོག་ནས་གླེང་སློང་གནང་རྒྱུ་ཡིན་སྐོར་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ དང་། ད་རེས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་བཅས་ཀྱིས་བོད་ཀྱི་གནད་དོན་དེ་བས་ཡོངས་ཁྱབ་ཆགས་ཡོད་སྐོར་དང་། དེས་བོད་པའི་རྩ་དོན་ཐོག་ཚང་མས་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་པ་རང་བཞིན་ཆགས་ཡོད་སྐོར་བཅས་གསུངས་གནང་བ་དང་། སྤྱི་འཐུས་རྒྱུན་ལས་སྐུ་ཚབ་རྣམ་པས་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་རིམ་པའི་སྐོར་དང་། བོད་ནང་བོད་མི་ ༡༥༤ ཡིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་ཡོད་པ། བོད་རྒྱ་འབྲེལ་མོལ་སྐོར་སོགས་བོད་ཀྱི་འཐབ་རྩོད་ངོ་སྤྲོད་སྙིང་བསྡུས་ཞུས་རྗེས། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་འདྲ་ཞིག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཡིག་ཆ་ཁག་ངོ་སྤྲོད་དང་བཅས་ཕུལ་གནང་ཡོད་པ་བཅས། །