ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་བོད་རིགས་ན་གཞོན་རྣམས་ལ་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་དབུ་འཛུགས་མ་བསྐྱངས་གོང་བཀའ་སློབ་སྩལ་དོན། སངས་རྒྱས་པའི་ཆོས་ཀྱི་ལྟ་བ་དང་སྤྱོད་པ་གང་རེད། ཅེས་སྐད་ཆ་དྲི་པ་ཡིན་ན། ཆོས་ལུགས་ཚང་མར་ལྟ་བ་དང་སྤྱོད་པ་གཉིས་ཡོད། སྤྱིར་མི་ཞིག་ཡིན་ནའང་སོ་སོའི་ལྟ་གྲུབ་ཁྱེར་ནས་བཤད་རྒྱུ་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱི་ལྟ་བ་གང་རེད་ཅེ་ན། རྟེན་འབྱུང་རེད། སྤྱོད་པ་གང་རེད་ཅེ་ན། འཚེ་བ་མེད་པ་རེད། ཅེས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། ལྟ་བ་རྟེན་འབྱུང་ཞེས་པ་ནི་ཚན་རིག་དང་འབྲེལ་བ་ཡོད། སྤྱོད་པ་འཚེ་བ་མེད་པ་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་པ་རེད། ཅེས་དེ་ལྟར་བཤད་ཀྱི་ཡོད།
ནང་ཆོས་ཀྱི་སྙིང་པོའམ་མདོར་བསྡུས་ནས་བཤད་པ་ཡིན་ན། ལྟ་སྤྱོད་གཉིས་ཏེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་སྤྱོད་པ་འཚེ་བ་མེད་པ་རབ་ནི་གཞན་ལ་གནོད་པ་མི་བྱེད་པ་ཙམ་དུ་མ་ཟད་གཞན་ལ་ཕན་བཏགས་ནས་གང་ཐུབ་སྤྱི་ཚོགས་ལ་ཕན་ཐོགས་བྱེད་རྒྱུ་དང་། རྒྱ་ཆེ་ས་ནས་བཤད་པ་ཡིན་ན་འཛམ་གླིང་སྤྱིའི་ནང་ཞི་བདེ་ཡོང་བ། ང་ཚོས་སྲོག་ཆགས་མང་པོ་ཞིག་བེད་སྤྱོད་བྱས་ནས་འགྲོ་བཞིན་ཡོད་པ་དེ་དག་གང་ཐུབ་ཉུང་དུ་ཡོང་བ་བྱེད་པ་ནི་སྤྱོད་པ་འཚེ་བ་མེད་པ་རེད།
ལྟ་བ་རྟེན་འབྱུང་ནི་གང་དང་གང་ཡིན་ནའང་ཕན་ཚུན་ལྟོས་ནས་གྲུབ་པ། སྤྱི་ཚོགས་བདེ་སྐྱིད་བྱུང་ན་རང་ལ་ཕན་པ། འཛམ་གླིང་སྤྱི་ཡོངས་ཀྱི་ཁོར་ཡུག་ཡག་པོ་བྱུང་བ་ཡིན་ན་རང་ལ་ཕན་པ། གང་ལྟར་བདེ་སྡུག་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་ལྟོས་ནས་ཡོང་བཞིན་ཡོད་སྟབས། ང་ཚོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པར་བརྟེན་སྡུག་བསྔལ་གྱི་རྒྱུ་ནི་གཞན་ལ་གནོད་པ་བསྐྱལ་ན་རང་ལ་མི་བདེ་བ་ཡོང་བ། གཞན་ལ་ཕན་བཏགས་ན་རང་ལ་བདེ་བ་ཡོང་བ་དེ་ལྟར་འབྲེལ་བ་ཡོད་པ་ཞིག་ཡིན། སློབ་ཕྲུག་ཚོ་འདི་སེམས་ལ་ངེས་པར་བྱོས་ཨང་། ནང་པའི་ཆོས་ནི་ལྟ་སྤྱོད་གཉིས་རེད། ལྟ་བ་དེ་གང་རེད་ཅེ་ན། ལྟ་བ་རྟེན་འབྱུང་རེད། སྤྱོད་པ་དེ་གང་རེད་ཅེ་ན་འཚེ་བ་མེད་པ་རེད།
མདོར་བསྡུས་ན་སངས་རྒྱས་པའི་ཆོས་ནི་སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་ཞེས་རྟེན་འབྱུང་ནི་ཆོས་དང་འབྲེལ་ནས་སྐད་ཆ་བཤད་རྒྱུ་ཡོད་པ་མ་ཟད། ཁོར་ཡུག་སྐོར་སྐད་ཆ་བཤད་པ་ཡིན་ནའང་བཤད་རྒྱུ་ཡོད་པ་རེད། དེ་བཞིན་འཛམ་གླིང་ཞི་བདེའི་སྐོར་ལའང་སྐད་ཆ་བཤད་རྒྱུ་ཡོད། མཐའ་ན་གཟུགས་པོའི་འཕྲོད་བསྟེན་ལ་ཆ་བཞག་པ་ཡིན་ནའང་རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་རྒྱུ་རྐྱེན་མང་པོར་བརྟེན་ནས་ཡོང་བཞིན་ཡོད་སྟབས། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་གསོ་བ་རིག་པ་དང་། བཟོ་རིག་པ། ཚད་མ་རིག་པ་ཞེས་ཚད་མ་རིག་པའི་དགོས་དོན་ནི། མི་ཤེས་པའི་རྨོངས་པ་གང་ཐུབ་བསལ་རྒྱུ་དང་། དེ་ཡང་ལུང་ཙམ་ལ་སྐྱབས་སུ་མཆི་བ་མིན་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་བཞིན་ཡོད། དེར་བརྟེན་བདེ་སྐྱིད་ཡོང་བར་སེམས་ལ་ཞི་བདེ་དགོས་ཀྱི་ཡོད་པ་དང་། སེམས་ལ་ཞི་བདེ་ཡོང་བར་སེམས་རྣམ་རྟོག་གིས་དཀྲུག་ཡོང་མཁན་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་རྐྱེན་པས་ཆགས་སྡང་སྐྱེས་ནས་སེམས་འཁྲུག་གི་ཡོད།
གང་ལྟར་སྤྱོད་པ་འཚེ་བ་མེད་པ་ནི་ལྟ་བ་རྟེན་འབྱུང་དང་འབྲེལ་ནས་རྒྱུ་རྐྱེན་ལ་བརྟེན་ནས་རླུང་ལང་བ་དང་། ང་རྒྱལ་སྐྱེས་པ། ཕྲག་དོག་སྐྱེས་པ་དེ་དག་གིས་སེམས་མ་སྐྱིད་པ་བཟོ་བཞིན་ཡོད། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ཀྱི་འཕྲོད་བསྟེན་དགོས། དེང་སང་གི་དངོས་པོ་ཡར་རྒྱས་ཁོ་ནར་བསམ་བློ་གཏོང་མཁན་ཚོས་འཕྲོད་བསྟེན་ཟེར་དུས་གཟུགས་པོའི་འཕྲོད་བསྟེན་སྐོར་བསམ་བློ་འཁོར་བཞིན་ཡོད། འགྲོ་གྲོན་ཚད་ལས་བརྒལ་བ་བཏང་ནས་སྨན་ཁང་ཧ་ཅང་མང་པོ་ཡོད་པ་དེ་དག་གིས་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་འཕྲོད་བསྟེན་སྐོར་སྐད་ཆ་བཤད་མཁན་ཁྱོན་ནས་མི་འདུག ང་ཚོས་འདི་གསབ་དགོས་པ་ཞིག་ཆགས་ཡོད། སེམས་ཀྱི་འཕྲོད་བསྟེན་སྐོར་སླེབ་ཡོང་དུས་སེམས་ཀྱི་འཕྲོད་བསྟེན་གསབ་རྒྱུ་དེ་རྒྱ་གར་གྱི་རིག་གཞུང་ཐོག་ནས་ཡོང་རྒྱུ་མ་གཏོགས་དེང་དུས་ཀྱི་རིག་གཞུང་ཐོག་ནས་ཡོང་རྒྱུ་མི་འདུག
རྒྱ་གར་གྱི་སྤྱོད་པ་འཚེ་བ་མེད་པ་དང་། ལྟ་བ་ལྟ་བུ་བྱམས་བརྩེ་ཞེས་པའི་ཐོག་ནས་སེམས་ཁམས་རིག་པ་འདི་རྒྱ་གར་ནང་དང་པོ་ནས་ཡོད་པ་ཞིག་རེད་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེར་ཉམས་བཞེས་གནང་བ་ཙམ་མ་ཟད། རྒྱས་པར་བཏང་ཡོད། བཅོམ་ལྡན་འདས་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་མཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་གསུངས་འདུག འདི་ལ་ངོས་ཀྱིས་གོ་བ་ལེན་དུས་བཅོམ་ལྡན་འདས་ཀྱིས་མ་འོངས་པར་ཆོས་སྐོར་ཇི་འདྲ་ཞིག་གསུང་རྒྱུ་ཡིན་པའི་སྙིང་པོ་བསྟན་འདུག་སྙམ་པ་དྲན་གྱི་འདུག ཟབ་པ་དང་ཞི་བ་ཞེས་པ་དེས་བདེན་བཞིའི་རྣམ་གཞག་གི་ཐོག་ནས་འཁོར་འདས་གཉིས་བཤད་ཡོང་གི་འདུག མདོ་སྡེ་དགོངས་འགྲེལ་གྱི་གསུང་སྟངས་ལྟར་ན་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་གསུངས་པ་དེ་སྤྲོས་བྲལ་ཞེས་སྟོང་པ་ཉིད་ཀྱི་ལྟ་བ་གསུངས་ཡོང་གི་འདུག
འོད་གསལ་འདུས་མ་བྱས། ཞེས་པས་ངོས་ཀྱི་གོ་བ་ལྟར་ན་འཁོར་ལོ་གསུམ་པ་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་འཁོར་ལོ་གསུམ་པའི་ནང་དུ་ཡོང་གི་ཡོད། འཁོར་ལོ་བར་པའི་སྐབས་སུ་སྤྲོས་བྲལ་ཞེས་པས་ཡུལ་གྱི་འོད་གསལ་སྟོང་པ་ཉིད་ཞིབ་ཕྲ་གསུངས་ཟིན་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུང་གི་འདུག ངོས་ཀྱིས་ནམ་རྒྱུན་ཇོ་ནང་གི་གཞན་སྟོང་གསུང་མཁན་ཚོར་དེ་ནས་བསམ་བློ་གཏོང་རྒྱུ་འདུག་ཅེས་བརྗོད་བཞིན་ཡོད། ཡུལ་གྱི་འོད་གསལ་ཞེས་ཟེར་དུས་རང་སྟོང་རེད། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་སྟེང་འགྲོ་བཞིན་ཡོད། ཡུལ་ཅན་འོད་གསལ་སྟེང་ལ་སླེབ་ཡོང་སྐབས་སྔགས་ཀྱི་གཞུང་ནས་སེམས་ཕྲ་རགས་དབྱེ་བ་ཕྱེས་ནས་ཡོང་སྐབས་ཀྱི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་སྣང་མཆེད་ཐོབ་གསུམ་གྱིས་མཚོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་རྗེས་ལ་འོད་གསལ་འཆར་བ་ཞིག་རེད། དེ་གཞན་སྟོང་གི་དོན་དག་རེད་འདུག་བསམ་གྱི་འདུག གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ག་སྣང་མཆེད་ཐོབ་གསུམ་གྱིས་མཚོན་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་སོགས་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་འགགས་ནས་སྟོང་པ་ཞིག་རེད། དེ་ལ་གཞན་སྟོང་གི་དོན་དག་སླེབ་ཡོང་གི་འདུག
འཁོར་ལོ་བར་མཐའ་གཉིས་སྦྲེལ་ནས་འཁོར་ལོ་བར་པའི་སྐབས་ནས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་རེད། སྟོང་པ་ཉིད་ཀྱི་རང་བཞིན་རེད་ཅེས་གསུངས་པ་དེ་དང་། ཁྱད་གཞི་ཆོས་ཅན་བུམ་པ་ལ་སོགས་པའི་སྟེང་གི་སྟོང་ཉིད་རྐྱང་པ་མིན་པར་མཐར་གཏུགས་ཡོང་སྐབས་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་རེད། རྫོགས་ཆེན་གྱི་གཞུང་གི་ནང་དུ་གཞི་དང་གཞི་སྣང་ཞེས་གཉིས་སུ་ཕྱེས་ནས་གཞི་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དང་། གཞི་དེ་ལ་གཞི་སྣང་ཤར་ཡོང་སྐབས་འཁོར་འདས་ཀྱིས་བསྡུས་པའི་དག་མ་དག་ཚང་མ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་ཤར་སྡོད་པ་ཞིག་རེད། འོད་གསལ་སྒོམ་ཡོང་སྐབས་འོད་གསལ་ལ་ཤར་བའི་རྩལ་གྱི་རོལ་བ་མཐའ་དག་སྣང་མཆེད་ཐོབ་གསུམ་བྱས་ཏེ་འགགས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཉག་གཅིག་ལ་ཕར་འཐིམ་འགྲོ་བ་ཞིག་རེད། མྱང་འདས་ཞེས་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་འདུག འཁོར་བ་མ་དག་པའི་འོད་གསལ་དེའི་ཐོག་ནས་གློ་བུར་བའི་ཆོས་དེ་དག་ཡར་ཤར་ནས་དེ་ལ་བརྟེན་ནས་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་སྐྱེས་པ་དང་། དག་དང་མ་དག་གི་ལས་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་སྐྱེས་གནས་སོགས་ལ་འགྲོ་བཞིན་ཡོད། མྱང་འདས་མཐར་ཐུག་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་ཆགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །