ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། སྔོན་ལ་ངོས་ཀྱིས་འདི་བཤད་འདོད་བྱུང་། ཆོས་ཟེར་མཁན་དེ་ལོ་སྟོང་ཕྲག་གཉིས་གསུམ་གྱི་གོང་ནས་ཡོད་པ་ཞིག་རེད། ད་ཆ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབ་ཡོད། འཕྲུལ་ཆས་དང་ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་དེ་སྔ་མིའི་བསམ་ཡུལ་ལ་མེད་པ་དེ་འདྲ་དེང་སྐབས་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་དངོས་སུ་ལོངས་སྤྱོད་རྒྱུ་ཡོད་པ་ཞིག་ཆགས་འདུག དེ་འདྲའི་དུས་སྐབས་སུ་ཆོས་ཟེར་རྒྱུ་འདི་འབྲེལ་བ་གང་ཡོད་འདིའི་སྐོར་བཤད་འདོད་འདུག ཆོས་ཟེར་རྒྱུ་འདི་ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པ་འདི་གཙོ་བོ་མིར་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་ཆོས་དཀོན་མཆོག་ཟེར་རྒྱུ་ལྟ་བུ་དང་། སངས་རྒྱས་ཟེར་རྒྱུ་ལྟ་བུ་སླེབ་ཀྱི་འདུག
དེང་སྐབས་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པའི་ནང་ཆོས་ཡོད་མཁན་གྱི་སྡེ་ཚན་གཅིག་དང་། ཆོས་མེད་མཁན་གྱི་སྡེ་ཚན་གཅིག ལྷག་པར་ཆོས་ལ་སྐྱོན་དུ་བལྟས་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་གྱི་སྡེ་ཚན་གཅིག གཞན་ཡང་དམིགས་བསལ་དོ་སྣང་མེད་མཁན་གྱི་སྡེ་ཚན་གཅིག་བཅས་དེ་དག་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། ཆོས་ལ་ངོ་རྒོལ་བྱས་ནས་ཆོས་སྤངས་པའི་མི་དེར་བདེ་སྐྱིད་མང་བ་འདུག་གམ་མི་འདུག བཏང་སྙོམས་ཡོད་མཁན་ཚོ་དམིགས་བསལ་བརྩི་་རྒྱུ་གང་ཡང་མེད། ཆོས་ཡོད་མཁན་དེ་དག་ལ་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་དཔེར་ན་ཡི་ཤུའི་ཆོས་པ་ཡིན་ནའང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཅེས་དེ་ལ་ཡིད་ཆེས་བྱེད་བཞིན་ཡོད་སྟབས། དཀའ་ངལ་འཕྲད་པའི་སྐབས་དཀོན་མཆོག་མཁྱེན་ཞེས་ཕན་གྱི་ཡོད་པ་རེད།
དེ་དང་དེ་འདྲ་བའི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚང་མར་དཀའ་ངལ་འཕྲད་པའི་སྐབས་བློ་འཇོག་ས་ཤིག་ཡོང་གི་འདུག གང་ལྟར་གཙོ་ཆེ་ཤོས་སེམས་པ་བཟང་པོ་བྱེད་དགོས་པ་དང་། བྱམས་བརྩེ་དགོས་པ་ཆོས་ལུགས་ཚང་མས་གསུང་གི་འདུག ཆོས་ལུགས་ཁག་དེ་དག་མིའི་ཆོས་ལུགས་རེད། ཆུང་བྱིས་པའི་སྐབས་ནས་བཟུང་བྱམས་བརྩེ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན་མིའི་ལྷན་སྐྱེས་རང་བཞིན་ལ་བརྩེ་བ་ཟེར་རྒྱུ་ཞིག་རང་བཞིན་གྱི་ཡོད། དེང་སྐབས་ཚན་རིག་པས་འགྲོ་བ་མིའི་རིགས་འདི་སྤྱི་ཚོགས་ལ་བརྟེན་པ་ཞིག་རེད། དུད་འགྲོ་ལ་ཆ་བཞག་ནའང་བྱ་དང་བྱིའུ་རི་དྭགས་སོགས་སྤྱི་ཚོགས་ལ་བརྟེན་བཞིན་ཡོད་སྟབས། གང་ལ་བརྟེན་སའི་ཚོགས་པ་དེ་ལ་བརྩེ་བ་རང་བཞིན་གྱི་ཡོང་བཞིན་ཡོད། མི་ཁེར་རྐྱང་བྱས་ནས་འཚོ་ཐུབ་ཐབས་མེད། སྲོག་ཆགས་རིགས་གང་ཡིན་ནའང་སྤྱི་ཚོགས་ཤིག་ལ་བརྟེན་ནས་འཚོ་དགོས་མཁན་དེ་དག་རང་བཞིན་གྱི་སྤྱི་ཚོགས་ལ་བསམ་བློ་འཁོར་བཞིན་ཡོད་པ་ཚན་རིག་པས་རྗོད་ཀྱི་འདུག འདི་བདེན་པ་རེད།
མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཆགས་སྟབས། ཆོས་ལུགས་དེ་དག་མིའི་ཆོས་ལུགས་ཡིན་པར་བརྟེན་མིའི་བསམ་བློ་ནང་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་སོགས་ཡོད་པ་ནང་བཞིན་དུད་འགྲོ་ལའང་ཡོད། མི་ཁོང་ཁྲོ་ཅན་ཞིག་ཡོད་ན་ཁོ་ཁོང་ཁྲོ་ཧ་ཅང་ཚ་བོ་ཡོད་པ་རེད་ཟེར་རྒྱུ་ལྟ་བུ་གང་ལྟར་མི་གྲལ་ནས་མར་བུད་ཡོང་གི་འདུག མིའི་སྤྱི་ཚོགས་ནང་མི་ཚང་མས་དགའ་པོ་བྱེད་རྒྱུ་ནི་མི་སེམས་པ་བཟང་པོ་ཞིག་ཡོད་པ་ཡིན་ན། སློབ་སྦྱོང་ཡོད་མིན་དང་རྒྱུ་ཡོད་མེད་ལ་མ་ལྟོས་པར་མི་སེམས་པ་བཟང་པོ་ཞིག་ཡོད་པ་ཡིན་ན་འཁྲིས་ཀྱི་བྱ་བྱིའུ་ཚོས་དགའ་པོ་བྱེད་པ་དང་། མིས་རང་བཞིན་གྱི་དགའ་པོ་བྱེད་པ་གསལ་པོ་འདུག དེར་བརྟེན་ཆོས་ལུགས་ཚང་མས་བྱམས་བརྩེ་ཟེར་རྒྱུ་འདི་གསུང་བཞིན་འདུག རྒྱ་གར་ལ་ཡོད་པའི་ཆོས་དེ་དག་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་ཐོག་མར་ཆོས་ཀྱི་བསམ་བློ་ཕལ་ཆེར་ཡོང་བཞིན་ཡོད། དེ་དུས་ Ahimsa ཞེས་པའི་འཚེ་བ་མེད་པ་དང་། འཚེ་བ་མེད་པའི་རྩ་བ་ Karuna སྙིང་རྗེ་ཞེས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་ཙམ་ནས་བྱམས་བརྩེ་དང་བཟོད་པ། འཚེ་བ་མེད་པ་བྱུང་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་འདི་རྒྱ་གར་གནའ་རབས་ནས་ཡོད་པའི་འཚེ་བ་མེད་པ་དང་། སྙིང་རྗེ་ཟེར་རྒྱུ་འདི་རྩ་བར་བཞག་པ་ཞིག་ཕལ་ཆེར་ཆགས་འདུག ཆོས་ལུགས་འདྲ་མིན་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། གཞན་ལ་འཚེ་བ་དང་དབང་ཡོད་བཤད་རྒྱུའི་གོ་སྐབས་ཡོད་བཞིན་དུ་དེ་ལྟར་བྱེད་ན་འགྲིག་གི་མ་རེད་སྙམ་སྟེ་རང་ཁྲིམས་སྲུང་རྒྱུ་ཞིག་ཆོས་ལུགས་ཚང་མའི་ནང་ཡོད་པ་རེད། ཆོས་ལུགས་དེ་དག་གིས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་རྒྱུ་མཚན་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་དེ་དག་གིས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་རེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་འདི་བྱམས་བརྩེའི་བདག་ཉིད་རེད། གང་ལྟར་ཆོས་ལུགས་ཚང་མས་དཀོན་མཆོག་ཟེར་དུས་བྱམས་བརྩེའི་བདག་ཉིད་དུ་མཐོང་བཞིན་འདུག ང་ཚོ་བོད་ཀྱི་ཆོས་ནང་ལྷ་ཧ་ཅང་དྲག་པོ་དེ་འདྲ་ཡོང་བཞིན་འདུག
གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་བཀོད་པ་རེད། དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་རེད། དེར་བརྟེན་ང་ཚོ་ཚང་མ་བྱམས་བརྩེའི་བདག་ཉིད་ཀྱི་ཕ་དཀོན་མཆོག་དེའི་སྲས་རེད། ཅེས་པ་འདི་ནུས་པ་ཆེན་པོ་འདུག འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་ཁ་ཤས་ཡོད་པ་དེ་དག་དཀོན་མཆོག་གཅིག་གི་སྲས་ཡིན་སྟབས། བསམ་བློ་ཡག་པོ་བཏང་བ་ཡིན་ན། གཅིག་གིས་གཅིག་ལ་འཁྲུག་པ་བརྒྱབ་པ་དང་། གསོད་རེས་བཏང་བ་དེ་ཚོའི་གྲས་ཤིན་ཏུ་མ་འོས་པ་རེད། ཆོས་ལུགས་དེ་དག་ཚང་མར་མི་ལ་བཟང་པོའི་བསླབ་བྱ་ཡོད་པ་ཞིག་རེད་འདུག འོན་ཀྱང་ང་ཚོས་དཀོན་མཆོག་གི་ཆོས་ཀྱི་ནང་བྱམས་བརྩེ་སོགས་ཉམས་ལེན་བྱེད་རྒྱུ་དེ་ཙམ་མེད་པར་མིང་ཞིག་འཁྱེར་ནས་ང་ཡི་ཤུ་ཡིན། ང་ཁ་ཆེ་ཡིན། སྐབས་རེ་ང་ནང་པ་ཡིན། ང་ཧིན་དུ་ཡིན་ཞེས་པའི་ཐོག་ནས་ཤོག་ཁག་འཐེན་འཁྱེར་བྱ་རྒྱུའི་རྐྱེན་ལ་འགྲོ་ཡི་འདུག
ཆོས་ཀྱི་ཉམས་ལེན་ངོ་ཐོག་རང་ཡག་པོ་བྱེད་པ་ཡིན་ན། ཆོས་ཚང་མ་བྱསམ་བརྩེའི་བདག་ཉིད་ཡིན་སྟབས། ཚང་མར་ཕན་གྱི་ཡོད། ད་ཆ་འཛམ་གླིང་འདིའི་སྟེང་ངོས་ཀྱི་ངོ་ཤེས་པ་མང་པོ་ཡོད། ཡི་ཤུ་དང་འཇིའུ་ཆོས་པ་དེ་འདྲ་ཡོད། དངོས་འབྲེལ་སེམས་པ་བཟང་པོ་ཐོག་ནས་དཀོན་མཆོག་གི་བསྟོད་པ་འདོན་སྐབས་མིག་ཆུ་བཏང་ནས་དཀོན་མཆོག་ལ་ཡིད་ཆེས་དང་འབྲེལ་བའི་ཐོག་ནས་བྱམས་བརྩེའི་ཉམས་ལེན་བྱེད་མཁན་ཡག་ཐག་གཅོད་དེ་འདྲ་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་གཙོ་འདོན་བྱས་ནས་གསུང་བཞིན་ཡོད། བྱམས་བརྩེ་དགོས་པའི་སྒྲུབ་བྱེད་རྒྱུ་མཚན་ལ་རྒྱ་གར་གྱི་ཆོས་ལུགས་འདི་ཕལ་ཆེར་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་བརྒྱག་རྒྱུ་འདི་རྒྱ་གར་གི་ཆོས་ལུགས་དེ་དག་ཤུགས་ཆེ་བ་རེད་འདུག བཅོམ་ལྡན་འདས་ཀྱི་ཞལ་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ། ཞེས་སྟོན་པ་ཐུབ་པའི་དབང་པོས་རང་གི་གདུལ་བྱའི་སྡུག་བསྔལ་གྱི་རྒྱུ་སྡིག་པ་འདི་ཆུས་འཁྲུ་ཐུབ་ཀྱི་མ་རེད། ཆོས་ལུགས་ཁ་ཤས་ཀྱི་ནང་འཁྲུ་ཟེར་རྒྱུ་དེ་འདྲ་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཚོའི་སྡུག་བསྔལ་འདི་ཕྱག་གིས་བསལ་རྒྱུ་མེད། གཞན་ཡང་བཅོམ་ལྡན་འདས་ཀྱི་ཐུགས་བརྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ཡོན་ཏན་དེ་ཚོའི་གྲས་ང་ཚོ་ལ་མར་སྦྱིན་རྒྱུ་ཡང་མེད། བཅོམ་ལྡན་འདས་ཀྱིས་གདུལ་བྱར་ཕན་ཐོགས་ཇི་ལྟར་མཛད་ཀྱི་ཡོད་དམ་ཞེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་བདེ་སྡུག་གི་འགྲོ་སྟངས་ཇི་ལྟར་ཡིན་པ་བཅོམ་ལྡན་འདས་རང་གི་ཉམས་མྱོང་གི་ཐོག་ནས་སྐྱོན་ཀུན་གསལ་དང་ཡོན་ཏན་ཀུན་ལྡན་ཇི་ལྟར་ཆགས་པ་རེད། རང་གི་གདུལ་བྱ་ཚོ་ཡིན་ནའང་ཉམས་མྱོང་འདི་མར་བསྟན་ནས་གསུང་གི་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།