ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཁག་རེ་ཞིག་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༦ སྟེ་ཆོས་འབྲེལ་ཉིན་མཐའ་མའི་སྔ་དྲོ་ཆུ་ཚོད་ ༨།༥༠ ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་ང་ཚོ་རྗེས་དྲན་བྱེད་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་ལ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པ་རེད། གྲོང་ཁྱེར་ཧི་རོ་ཤི་མ་ Hiroshima དང་ན་ག་ས་ཀི་ Nagasaki གཉིས་ནང་རྡུལ་ཕྲན་མཚོན་ཆ་འཕངས་པའི་ས་ཆ་དེར་ངོས་རང་སླེབས་པ་རེད། ཅེཀ་ཚོགས་འདུའི་ལས་ཁུངས་སུ་ངོས་རང་ལྟ་སྐོར་དུ་ཕྱིན་པ་ཡིན། ལྕགས་ཀྱི་གདུང་མ་ཁ་ཤས་བཞུར་འདུག ཧ་ཅང་འཇིགས་སྣང་སྐྱེས་དགོས་པ་ཞིག་འདུག རྡུལ་ཕྲན་གྱི་དུག་རླངས་ཕོག་པ་དང་། མེའི་འཚིག་སྐྱོན་བྱུང་བའི་ནད་པ་དེ་འདྲ་ཁ་ཤས་ཐུག་བྱུང་། སྙིང་རྗེ་ཧ་ཅང་དངངས་སྐྲག་ཚ་བོ་འདུག
དེ་ནས་ན་ག་ས་ཀིར་ཕྱིན་པ་རེད། གང་ལྟར་རྡུལ་ཕྲན་མཆོན་ཆ་ཟེར་དུས་རང་རྒྱལ་གཞན་ཕམ་གྱི་བློ་ངན་འདིའི་དབང་གིས་དགྲ་བོ་དེ་རྩ་མེད་གཏོང་དགོས་བསམ་པའི་བློ་མ་གཏོགས་མིའི་རང་བཞིན་ལྷན་སྐྱེས་མི་དང་མིའི་དབར་བརྩེ་བ་ཡོད་པ་དང་། དེ་མིན་བརྩེ་བའི་སྐད་ཆ་མིན་ནའང་ཡ་རབས་དང་མ་རབས་ཞེས་པའི་ནང་ནས་ཡ་རབས་ཀྱི་ཐོག་ནས་བཤད་པ་ཡིན་ན་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་རྒྱུ་ནི་དམིགས་ཡུལ་ལས་འདས་པ་རེད། ང་ཚོའི་རེ་བར་འཛམ་གླིང་ཞི་བདེ་དང་གོ་མཚོན་མེད་པ་ཞིག་ཡོང་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། ཡོང་མི་སྲིད་པ་མ་རེད།
དེར་བརྟེན་དེ་རིང་གི་ཉིན་མོ་ནི་དེ་སྔ་ཧི་རོ་ཤི་མ་ལ་རྡུལ་ཕྲན་གྱི་འབར་མདེལ་འཕངས་པ་དང་། ངོས་རང་ས་གནས་དེར་དངོས་སུ་ཕྱིན་པའི་དུས་ཚོད་ཅིག་ཡིན་སྟབས། ང་ཚོས་འཛམ་གླིང་ཞི་བདེ་ཞེས་ཚིག་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་དང་པོ་དེར་སེམས་ནང་ཞི་བདེ་བཟོ་རྒྱུ་དང་། དེ་ནས་ལག་ལེན་ངོ་མའི་ཐོག་ནས་དཀའ་ངལ་ཇི་ཙམ་འཕྲད་པ་ཡིན་ནའང་མི་ནང་ཚགས་ཀྱི་དཀའ་ངལ་ཡིན་པར་བརྟེན་སྐད་ཆ་བཤད་ནས་གཉིས་ཕན་སྟེང་འགྲོ་རྒྱུ་དེ་ང་ཚོས་བྱེད་ཐུབ་པ་ཞིག་ཡིན། འཛམ་གླིང་འདི་མི་གཅིག་གྱུར་གྱི་ཁྱིམ་ཚང་ཡིན་སྟབས། ནང་ཁུལ་དཀའ་ངལ་ཡོད་པའི་སྐབས་སྐད་ཆ་བཤད་ནས་བསལ་རྒྱུ་མ་གཏོགས་དགྲ་བོ་རྩ་མེད་བཟོས་པའི་སྐད་ཆ་འདི་དུས་ཚོད་ཡོལ་བའི་སྐད་ཆ་རེད། དེ་རིང་ནི་ཧི་རོ་ཤི་མར་འབར་མདེལ་འཕངས་པའི་ཉིན་མོ་ཆགས་ཏེ་ངོས་ཀྱིས་དྲན་གསོའི་ཚུལ་དུ་བཤད་འདོད་བྱུང་། ཁྱེད་རང་ཚོ་ཕལ་ཆེར་ས་ཆ་དེར་སླེབ་མྱོང་མེད། ངོས་རང་ས་གནས་དེར་དངོས་སུ་སླེབས་པ་རེད། དངོས་འབྲེལ་མི་བཟོད་པ་ཞིག་འདུག
རྡུལ་ཕྲན་མཚོན་ཆ་མཚོན་པའི་གོ་མཚོན་རིགས་རིམ་བཞིན་མེད་པའི་འཛམ་གླིང་ཞིག་ཡོང་ཐུབ་ན། དངོས་འབྲེལ་བདེ་སྐྱིད་བརྟན་པོ་ཞིག་ཡོང་ཐུབ། ཁ་སྔོན་ཞུས་པ་ནང་བཞིན་རེད། འབྱུང་བའི་གནོད་པས་ཆ་ནས་རིམ་བཞིན་འཛམ་གླིང་ཚ་དྲོད་འཕར་བའི་དཀའ་ངལ་ཞིག་ང་ཚོས་བཟོ་བཞིན་ཡོད། འབྱུང་བ་འགྱུར་བ་ཕྱིན་ནས་འཛམ་གླིང་ཚ་དྲོད་ཆེ་རུ་ཕྱིན་པའི་ཐོག་ནས་དཀའ་ངལ་རང་བཞིན་གྱིས་འཕྲད་བཞིན་པའི་ཐོག་ད་དུང་དམག་གི་སྒང་ལ་དང་འདོད་བྱེད་རྒྱུ་ནི་ཤིན་ཏུ་མ་འོས་པ་རེད་འདུག
ང་ཚོ་བོད་མི་ཉུང་ཤས་ཤིག་རེད། ང་ཚོ་ཡོད་ས་རྒྱ་གར་ལུང་པའི་ནང་ལོ་ཉིས་སྟོང་གོང་ནས་ Ahimsa ཞེས་འཚེ་བ་མེད་པ་དང་། Karuna ཞེས་སྙིང་རྗེ་སྲོལ་གཏོད་མཁན་གྱི་ལུང་པའི་ནང་བསྡད་ཡོད། སྔོན་ལ་ང་ཚོ་བོད་མི་རང་ཉིད་ཀྱི་བསམ་བློའི་ནང་ཞི་བདེ་ཡོང་བ་ཞིག་དང་། རྙོག་གྲ་བཟོ་མཁན་ཉོན་མོངས་ཀྱི་བློ་སྐྱེ་བའི་སྐབས་སེམས་དཀྲུག་མཁན་དེ་ཉུང་དུ་གཏོང་དགོས།
མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་ནང་གི་རྩོད་བཟློག་ཡིན་པ་ཡོད། རྩོད་བཟློག་གི་མཆོད་བརྗོད་དེར། གང་དག་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། ཞེས་མཆོད་བརྗོད་འདི་ལྟར་ཡོད་པ་རེད།
སྟོན་པ་ཐུབ་པའི་དབང་པོ་ནི་སྤྱིར་རྒྱ་གར་འཕགས་པའི་ཡུལ་གྱི་སྟོན་པ་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད། སྟོན་པ་གཞན་དང་མི་འདྲ་བའི་རྒྱུ་མཚན་གང་རེད་ཅེ་ན། གང་དག་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། ཞེས་པ་དེ་རེད། བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་དུས་ད་ལྟ་བར་དུ་འཛམ་གླིང་འདིའི་སྟེང་སྟོན་པ་མང་པོ་བྱུང་ཡོད། འོན་ཀྱང་ལས་འབྲས་ཀྱི་རྣམ་གཞག་གསུང་མཁན་རྒྱ་གར་གྱི་སྟོན་པ་མང་པོ་ཡོད་པ་རེད། རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་ཚང་མ་ལྟོས་ནས་གྲུབ་པ་མ་གཏོགས་མེད་ཅེས་གསུང་མཁན་ནི་ཕལ་ཆེར་བཅོམ་ལྡན་འདས་གཅིག་པོ་རེད། བཅོམ་ལྡན་འདས་ཀྱི་གསུངས་ལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་ཚོའི་གྲས་ཀྱིས་བསྲེག་བཅད་བརྡར་གསུམ་བྱས་ནས་བརྟག་དཔྱད་བྱེད་ཡོང་དུས་རྟེན་འབྱུང་ཞེས་པ་དེ་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད་པ་དང་། རྟེན་འབྱུང་གི་ཐོག་ནས་འགྲེལ་བཤད་བརྒྱག་པ་ཡིན་ན་གང་དང་གང་ཡིན་ནའང་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད། གཙོ་བོ་ཀླུ་སྒྲུབ་ཆགས་ཡོད། དེ་ནས་ཀླུ་སྒྲུབ་ཀྱི་རྗེས་འབྲང་འཕགས་པ་ལྷ་ལ་སོགས་པས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་ནས་ལུང་དང་རིགས་པ་གཉིས་ཀྱི་ནང་ནས་གཙོ་བོ་རིགས་པས་བསྒྲུབས་ཡོད།
དུས་ད་ལྟར་ཆ་བཞག་ན་ནང་པ་སངས་རྒྱས་པའི་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་སུ་འདྲ་ཞིག་ཡིན་ནའང་རེད། ལར་ནས་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་སུ་འདྲ་ཞིག་ཡིན་རུང་རྟེན་འབྱུང་ཞེས་པའི་ལྟ་གྲུབ་འདི་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད་འདུག ཚན་རིག་པ་ཚོས་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་རྟེན་ཅིང་འབྲེལ་བ་འབྱུང་བ་ཞེས་པ་འདི་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཚང་མས་འདི་གནས་དགག་ག་འདྲ་ཡིན་པ། ལྟོས་ནས་གྲུབ་པ་ཇི་ལྟར་ཡིན་པ། འདི་ལྟོས་ནས་གྲུབ་པ་ཡིན་པ་ཁོ་ཐག་ཆོད་པའི་ངེས་པ་རྙེད་རྒྱུ་འདི་ང་ཚོར་སྣང་བ་ནང་བཞིན་དོན་གྱི་ངོས་ནས་གྲུབ་ཡོད་མེད་རྩད་གཅོད་བྱ་རྒྱུ་རེད། དབུ་མའི་གཞུང་ནང་ཧ་ཅང་རྩད་གཅོད་གནང་གི་འདུག ང་ཚོའི་བློ་ལ་སྣང་བ་ནང་བཞིན་དོན་གྱི་ངོས་ནས་ཡོད་པ་ཞིག་ཡིན་མིན་རྩད་གཅོད་བཏང་ནས་མཐར་ལྟོས་ནས་གྲུབ་པ་མ་གཏོགས་མི་འདུག་སྙམ་པའི་ངེས་པ་རྙེད་རྒྱུ་ཞིག་དང་། ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་ཙམ་དུ་མ་ཟད། སེམས་ཁམས་རིགས་པའི་ནང་ལ་ཆགས་སྡང་སྐྱེ་རྒྱུའི་རྐྱེན་གཙོ་བོ་གཅིག་ནི་ཆགས་སྡང་སྐྱེས་སའི་ཡུལ་འདི་དོན་གྱི་ངོས་ནས་རང་རྐྱ་བའམ་ཚུགས་ཐུབ་པ་ཞིག་ཡོད་པར་བལྟས། དེ་ལ་བརྟེན་ནས་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་སྐྱེས་ནས་ཆགས་སྡང་སྐྱེ་ཡི་ཡོད་སྟབས། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་ཐབས་ཀྱི་ཆ་ནས་བསམ་པ་བཟང་པོ་བྱ་རྒྱུ་རིགས་ཡོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །