ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༤ ཉིན་སུད་སིའི་ཕྱི་སྲིད་ལྷན་ཁང་ནས་ས་གནས་སྤྱི་དམངས་ཚོགས་པའི་ཚོགས་འདུར་མགྲོན་འབོད་གནང་བ་ལྟར། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཕུན་ཚོགས་ལགས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ Thomas Büchli ལགས་མཉམ་ཞུགས་གནང་ཡོད།
དེ་ཡང་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཕུན་ཚོགས་ལགས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ལགས་རྣམ་གཉིས་ཀྱིས་སུད་སིའི་ཕྱི་སྲིད་ལྷན་ཁང་གི་སྐུ་ཚབ་དང་གཞུང་ཚབ་ར་ཕེལ་ན་གེ་ལི་ Rafael Nägeli མཆོག་ལ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རིང་ཐང་རྩིས་མེད་རྡོག་རོལ་བཏང་བ་དང་། འབྱུང་འགྱུར་གྱི་སློབ་གསོ་ China’s Violations of Universal Values: Lessons for the Future ཞེས་པའི་ཤོག་གྲངས་སུམ་ཅུ་ཅན་གྱི་སྙན་ཐོ་ཞིག་ཕུལ་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཐུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་དང་གཏོང་བཞིན་པ་འཁོད་ཡོད་པ་མ་ཟད། སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་ཡང་འཁོད་ཡོད།།