ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་དོན་ཁང་གི་ཆོས་དགེ་ཟུར་པ་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཐེ་ཝན་ནང་དགོངས་པ་རྫོགས་ནས་ཉིན་གྲངས་ ༢༨ རིང་ཐུགས་དམ་ལ་བཞུགས་པའི་ངོ་མཚར་བའི་གནས་ཚུལ་བྱུང་ཡོད།
དེ་ཡང་ཕྱི་ཚེས་ ༡༤ ཉིན་དགོངས་པ་རྫོགས་འཕྲལ་སྐུ་ཕུང་བཞུགས་འབུལ་ཞུ་ཡུལ་དུ་སྐྱེལ་རྗེས། དགེ་བཤེས་བྱམས་པ་རྒྱ་མཚོ་དམ་པ་དེ་དང་ཐུགས་ཉེ་བའི་སེར་བྱེས་དགེ་བཤེས་ནོར་བུ་ལགས་ཉིན་དང་པོ་དང་གཉིས་པར་སྨོན་ལམ་འདོན་པར་ཕེབས་སྐབས་སྐུ་ཕུང་གི་མདོག་དང་དྲི་མ་གང་ཡང་མེད་པ་སོགས་ཐུགས་དམ་བཞུགས་ཡོད་པའི་རྣམ་པ་འདུག་གསུངས་པ་དང་། ཉིན་གསུམ་པར་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་རྣམ་ལགས་ཀྱིས་ཀྱང་ཐུགས་དམ་བཞུགས་ཡོད་པར་གསུངས། སྐབས་དེ་དུས་ཐེ་ཝན་དབྱར་དུས་གནམ་གཤིས་དྲོད་ཚད་ཆེ་ཤོས་སྐབས་ཡིན་པས་སྐུ་ཕུང་ལ་དྲི་མ་གང་ཡང་མེད་སྟབས། ཉིན་གྲངས་ལྔ་པའི་ཉིན་དོན་ཁང་གི་ལས་བྱེད་སླར་ཡང་སྐུ་ཕུང་མཇལ་བར་བཅར་ཏེ་སྐབས་དེའི་ཕྱི་ནང་གི་གནམ་གཤིས་དྲོད་ཚད་དང་། སྐུ་ཕུང་གི་ཤ་མདོག་དང་དྲི་མ་ཡོད་མེད།
དེ་བཞིན་རྒྱུན་དུ་སྐུ་ཕུང་དོ་དམ་བྱེད་མཁན་ལས་མི་དང་། སྨན་ཞབས་པ་ཚོས་དེ་སྔོན་གནས་སྟངས་དེ་འདྲ་མཐོང་མྱོང་རྩ་བ་ནས་མེད་པའི་སྐོར་སོགས་གནས་ཚུལ་ཞིབ་ཕྲ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་སེང་ཞུས་པར། དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་ལན་ནང་༼སྣ་ཁུག་ནས་བྱང་སེམས་དཀར་དམར་བབ་རྒྱུ་ཡོད་པ་དང་། སྐུ་ལུས་ཀྱི་མདོག་ལ་འགྱུར་བ་འགྲོ་གི་རེད། འགྱུར་བ་མ་འགྲོ་བར་སྐུ་ཕུང་བཞུགས་འབུལ་མ་བྱེད།༽ཅེས་བཀའ་ཕེབས་སོང་ཞེས་པའི་ལན་འབྱོར་བ་དང་། དྲུང་ཆེ་ཚེ་རྒྱམ་ལགས་སྒེར་ངོས་ཀྱི་བསམ་ཚུལ་ལ་ཕུང་པོ་དང་འབྲེལ་བ་ཡོད་པའི་སྨན་པ་དང་། བྱུང་ན་ཚན་རིག་པ་ལྟ་བུས་བལྟས་ནས་ཁོང་ཚོས་གང་བརྗོད་པ་ཚིག་ཐོ་བཀོད་ཐུབ་ན་སྙམ་ཞེས་ལམ་སྟོན་ཕེབས་པ་ལྟར། དགེ་བཤེས་བྱམས་པ་རྒྱ་མཚོའི་སློབ་མ་ཚོས་ཐེ་ཝན་དབུས་ཞིབ་འཇུག་ཁང་ (Academia Sinica) གི་དངོས་ཁམས་རིག་པའི་ཚན་རིག་པར་འབྲེལ་བ་ཞུས་དོན་ལྟར་བརྟག་དཔྱད་གནང་རྒྱུའི་ཞལ་བཞེས་ཐོབ་མ་ཉིད། ཉིན་གྲངས་དགུ་པའི་སྐབས་དེ་སྐོར་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་༸སྙན་སེང་ཞུས་པར། དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་༼སྐྱོན་ཡོད་པ་མ་རེད། དགོས་པ་རྒྱུ་མཚན་ཡོད་རེད། བསྟན་པ་ལ་ཕན་ཐོགས་ཀྱི་རེད།༽ཅེས་༸བཀའ་ཕེབས་སོང་ཞེས་པའི་བཀའ་ལན་འབྱོར།
ཕྱི་ཟླ་ ༧ ཚེས་ ༢༤ སྟེ་ཉིན་གྲངས་བཅུ་པའི་ཐོག་ཐེ་ཝན་དབུས་ཞིབ་འཇུག་ཁང་ (Academia Sinica) གི་དངོས་ཁམས་རིག་པའི་ཚན་རིག་པ་དང་ལས་རོགས་བཅས་མི་གྲངས་དྲུག་སྐུ་ཕུང་འཇོག་ཡུལ་དུ་ཕེབས་པ་དང་། དེང་དུས་ཚན་རིག་འཕྲུལ་ཆས་སོགས་ཀྱིས་ཐེངས་དང་པོར་དངོས་སུ་སྐུ་ཕུང་ལ་བརྟག་དཔྱད་གནང་ཞིང་། ཕྱི་ལོ་ ༢༠༡༨ ལོར་བཞུགས་སྒར་དུ་༸གོང་ས་མཆོག་དང་རྒྱ་རིགས་ཚན་རིག་པ་ལྷན་དུ་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་སྐབས་བཅར་མྱོང་མཁན་སྐུ་ཞབས་ལིའི་ལགས་ཀྱིས་སྐུ་ཕུང་ལ་གཟིགས་རྗེས་ཧང་སང་སང་གནང་སྟེ་གསུང་དོན། གནས་སྟངས་དེ་༸གོང་ས་མཆོག་གིས་བགྲོ་གླེང་སྐབས་གསུང་བ་དང་ཧ་ཅང་གིས་འདྲ་པོ་འདུག་ཅེས་གསུངས།
ཡང་ཁོང་གིས་མུ་མཐུད་གསུང་དོན་དེའི་ཐོག་ཚན་རིག་པས་འགྲེལ་བཤད་གང་ཡང་བརྒྱབ་ཐུབ་ཀྱི་མ་རེད། འོན་ཀྱང་འཕྲུལ་ཆས་ཀྱིས་བརྟག་དཔྱད་བྱས་པའི་གྲངས་ཚད་སོགས་བཏོན་ཐུབ་ཀྱི་རེད་གསུང་ནས་ཁོང་ཚོས་དེ་ཉིན་བརྟག་དཔྱད་གནང་བའི་འབྲས་བུར། ཕུང་པོའི་ཁྲག་ནང་གི་རླུང་གི་ནུས་པ་ ༨༦ ཙམ་ཡོད་འདུག་པས། མི་གསོན་པོར་ ༩༥ ཙམ་ཡོད་སྟབས་ཧ་ཅང་གིས་མི་གསོན་པོའི་གནས་སྟངས་དང་ཐག་ཉེ་པོ་ཡིན་པ་དང་། ད་དུང་ཡང་ཕུང་པོའི་ཤ་པགས་ལ་ལྡེམ་ཤུགས་ལྡན་པ་མ་ཟད། ཁང་པའི་ནང་གི་དྲོད་ཚད་དང་ཕུང་པོའི་དྲོད་ཚད་མཉམ་པ། ལུས་པོའི་ནང་ཆ་རུལ་མེད་པ་གསལ་པོ་ཡིན་སྐོར་འགྲེལ་བརྗོད་གནང་། དེ་བཞིན་ཞལ་དང་། ཤངས། སྐུ་ཕུང་ཐོག་གི་ཕྲ་རབ། ཕུང་པོའི་ཤ་པགས་ལ་སྦྱར་བའི་ཆོས་གོས་བཅས་ཆེ་ཤེལ་འཕྲུལ་ཆས་ཐོག་ནས་ཞིབ་ཅིང་ཕྲ་བའི་བརྟག་དཔྱད་གནང་རྒྱུར་བསྣམས་ཕེབས།
གཞན་ཡང་ཕྱི་ཟླ་ ༧ ཚེས་ ༢༨ དང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་ཐེ་ཝན་གཙུག་ལག་སློབ་ཆེན་སེམས་ཁམས་རིག་པའི་དགེ་ཆེ་དང་ལས་རོགས་ནས་དེང་དུས་འཕྲུལ་ཆས་བརྒྱུད་ཀླད་པའི་དབང་རྩར་སྔ་རྗེས་ཐེངས་གཉིས་བརྟག་དཔྱད་གནང་བར། ཀླད་པའི་འཕར་ཚད་འགུལ་ཤུགས་ཡོད་པ་ངོ་སྤྲོད་གནང་ཞིང་། པར་ལེན་དང་འཕྲུལ་ཆས་ཀྱིས་བརྟག་དཔྱད་གནང་བ་ཁག་ལ་མུ་མཐུད་ཞིབ་འཇུག་གནང་རྒྱུ་ཡིན་པ་རེད།
དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་དང་། ནུབ་ཕྱོགས་ཚན་རིག་པར་འབྲེལ་བ་ཞུ་དགོས་པའི་ལམ་སྟོན་གནང་དོན་ལྟར། བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གོང་གསལ་ཀླད་པའི་དབང་རྩར་བརྟག་དཔྱད་གནང་མཁན་གྱི་དགེ་ཆེ་ལ་ལམ་སྟོན་དང་། དེ་བཞིན་ཞབས་ཕྱི་བསྟན་འཛིན་ལགས་ཀྱིས་ཉིན་རེ་བཞིན་སྐུ་ཕུང་པར་ལེན་དང་སྦྲགས་གནས་སྟངས་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ལ་འབྲེལ་བ་ཞུས་ནས་ལམ་སྟོན་ལྟར་གནང་སྒོ་ཁག་དམ་དོན་ཞུས།
མཐར་སྐུ་ཕུང་གི་ཤ་མདོག་ལ་ཕྲན་བུའི་གྱུར་བ་ཕྱིན་པ་དང་། དྲི་མ་ཡང་ཅུང་བྱུང་བའི་སྐོར་འབྲེལ་ཡོད་ལ་སྙན་སེང་དང་ལམ་སྟོན་ཞུས་འབྲས། ལྷ་ས་སྨན་རྩིས་ཁང་གི་རྩིས་འབྲས་ནང་ཉིན་གཅིག་གཉིས་ནང་གསལ་ཆ་ཡོང་ཞེས་དང་། བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདྲ་པར་ལ་གཟིགས་ནས་ཐུགས་དམ་གྲོལ་ཡོད་སྐོར། རྣམ་གྲྭ་དང་རྒྱུད་སྟོད་མཁན་ཟུར་སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་དགོངས་སྐོར་ཞུས་པའི་ལམ་སྟོན་ལྟར་བྱུང་ནས་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་ཁྱོན་ཉིན་གྲངས་ ༢༨ རྗེས་ཐུགས་དམ་གྲོལ་ཡོད་པ་རེད།
དེ་ཡང་ཐུགས་དམ་བཞུགས་པའི་རིང་ཐེ་ཝན་ནི་དབྱར་ཚད་ཚ་བ་ཆེ་ཤོས་ཀྱི་སྐབས་འཁེལ་ཞིང་། དྲོད་ཚད་མཐོ་ཚད་ཀླད་ཀོར་སྒང་གི་ཨང་ ༣༥ ནས་ ༣༧ བར་ཡིན་ཞིང་། སྐུ་ཕུང་འཇོག་ཡུལ་ཁང་པའི་ནང་གྲང་གློག་གཅིག་རང་ལས་མེད་ཅིང་། དྲོད་ཚད་ ༡༩ གཏན་འཇགས་ཡིན་པས། མི་ཚང་མའི་གཅིག་མཚུངས་མཐོང་སྣང་གི་གནས་ཚུལ་ནི་སྐུ་ཕུང་ལ་དྲི་མ་གང་ཡང་མེད་པ་དེར་ཡ་མཚན་ཆེན་པོ་མཐོང་བཞིན་ཡོད་པ་མ་ཟད། ལྷག་དོན་ཚན་རིག་པ་གཞན་དང་སྨན་པ་ཁག་གཅིག་ཀྱང་བཅར་མཁན་བྱུང་བ་ཚོར་ཡང་དམིགས་བསལ་གྱི་ཐུན་མོང་མ་ཡིན་པའི་ཚོར་བ་བྱུང་ཡོད་པ་དང་། རྒྱུན་དུ་ཕུང་པོར་ལས་ཀ་བྱེད་མཁན་གྱི་ལས་མི་རྣམས་དང་། དེའི་ཉེ་འཁོར་ཚོང་ཁང་སོགས་ནང་ལས་ཀ་བྱེད་མཁན་ཡོངས་ཀྱིས་བོད་པའི་བླ་མ་ཞིག་རྒྱུན་རིང་པོ་དེ་འདྲ་དྲི་མ་མེད་པར་བཞུགས་ཐུབ་པ་ད་རེས་ཐེངས་དང་པོ་ཡིན་སྐོར་སྤྱི་ཚོགས་ཐོག་གི་ཕན་ཚུན་ཁ་བརྡ་བྱེད་པའི་གསར་འགྱུར་ཞིག་ཏུ་གྱུར་ཡོད་པ་རེད།
ཕྱི་ཟླ་ ༨ ཚེས་ ༢༡ ཉིན་རྩིས་འབྲས་ལྟར་སྐུ་ཕུང་བཞུགས་འབུལ་ཞུ་གཏན་འཁེལ་ཡོད་པ་དང་། ཉིན་གྲངས་ ༢༨ རིང་ཐུགས་དམ་བཞུགས་པའི་རིང་ཚན་རིག་པ་དང་། དགེ་ཆེ། སྨན་པ་སོགས་ནས་བརྟག་དཔྱད་གནང་བའི་འདྲ་པར་དང་བརྙན་པར། འབྲེལ་ཡོད་དགའ་ལྡན་ཕོ་བྲང་བརྒྱུད་སྙན་སེང་ཞུས་པའི་ནང་དོན། ཉིན་རེའི་དྲོད་ཚད་སོགས་ཞིབ་ཕྲ་དོན་ཁང་གི་ལམ་སྟོན་བཞིན་ཞབས་ཕྱི་བསྟན་འཛིན་ལགས་དང་། དགེ་ཕྲུག་ཚོས་ཡིག་ཐོག་བཀོད་རྗེས་ཆ་ཚང་ཕྱོགས་སྒྲིག་གིས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་འབུལ་འཆར་ཡིན་པ་རེད།