ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་དང་། བོད། ཧོང་ཀོང་། ཐེ་ཝན། ཡུ་གུར་སོགས་ཀྱི་གནད་དོན་དང་། ལྷག་པར་རྒྱ་ནག་ནང་ཁུལ་གྱི་རྙོག་གྲ་རྣམས་ཁ་ཕྱོགས་བསྒྱུར་ཐབས་སུ་འཕགས་བོད་ས་མཚམས་སུ་བཙན་འཛུལ་བྱས་པར་བརྟེན། རྒྱ་གར་གཞུང་དང་མི་མང་གིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་ཁ་གཏད་དུ་ལངས་ནས་འཐབ་ཇུས་གསར་པ་ཞིག་གཏན་འབེབས་གནང་དགོས་པའི་དུས་ལ་བབ་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ R.K.Khrimey ལགས་ཀྱིས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡ བར་གོང་གི་གནད་དོན་དང་འབྲེལ་བའི་རྒྱ་གར་ནང་ཁུལ་ནས་བགྲོ་གླེང་འཚོགས་དགོས་པའི་རེ་འདུན་བཏོན་གནང་བ་དང་བསྟུན།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་དྲ་ཐོག་བགྲོ་གླེང་གོ་སྒྲིག་གནང་སྟེ་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་བོད་ཀྱི་རེ་བའི་མེ་ལྕེ་གསོན་པོར་གནས་བཅུག་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཕན་ཚུན་དབར་གོ་རྟོགས་སྤེལ་བའི་ཐོག་བོད་དོན་སླད་ཕྱག་ལས་ཇི་ལྟར་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་གྱིས་ད་ལྟའི་བོད་ཀྱི་གནད་དོན་སྐོར་གསུངས་པ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
རྒྱ་གར་ཤར་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སུ་རིན་དར་ཀུ་མར་ Surender Kumar ལགས་དང་རྒྱ་གར་ནུབ་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཨར་ཝིན་ཌི་ Arvind Nikose ལགས་ཀྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པ་དང་། བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་སྐོར་གསུངས།
ཝི་ཇེ་ཀརནྟི་ Vijay Kranti ལགས་ཀྱིས་འཛམ་གླིང་མི་མང་གིས་རྒྱ་ནག་གི་ངོ་གདོང་ངོ་མ་དེ་མཐོང་ནས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་ཁ་གཏད་བྱེད་བཞིན་པའི་སྐབས་འདིར་བོད་པ་ཚོས་ཀྱང་གོ་སྐབས་དམ་འཛིན་གནང་དགོས་་པ་སོགས་ཀྱི་སྐོར་གསུངས། །