ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༤ རེས་གཟའ་པ་སངས་ཉིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༣།༣༠ བར་དང་སྦེལ་ཇམ་ནང་གི་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡༢ བར་ཡུ་རོབ་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ལ་གཟིགས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་ཞིག་བསྐོང་ཚོགས་གནང་གཏན་འཁེལ་འདུག་པ་དང་། བགྲོ་གླེང་དེ་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་གྱི་ངོ་དེབ་བརྒྱུད་ཐད་སྲིང་གནང་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཀུ་ལ་སི་པེག་ས་ Mikulas Peksa མཆོག སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་མུལ་ཀོ་གོ་ལ་ཏི་ Mr Samuel Cogolati མཆོག སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་གསུང་བཤད་དང་། སྦར་སེལ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན་འདུག་པ་བཅས། །