ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ ནས་ ༧ བར་བདུན་ཕྲག་གཅིག་རིང་འཛམ་གླིང་ནུས་གསོ་དུས་དྲན་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་གོ་རྟོགས་ཚན་པས་ཨ་མའི་ནུས་གསོ་དང་འབྲེལ་བའི་བརྙན་ཐུང་འགྲན་སྡུར་གྱི་ལས་གཞིའི་གསལ་བསྒྲགས་སྤེལ་བ་ལྟར། དེ་རིང་སྟེ་ཕྱི་ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་འཕྲོད་བསྟེན་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲུང་འཕར་བྱམས་པ་ཕུན་ཚོགས་སོགས་ལྷན་འཛོམས་ཀྱིས་ཐོག་མར་བརྙན་ཐུང་འགྲན་སྡུར་ཐོག་ཨང་རིམ་རྩེད་ཕུད་སོན་པ་གསུམ་གྱི་མཚན་གསལ་བསྒྲགས་དང་ཁོང་རྣམས་ཀྱིས་བཟོ་བསྐྲུན་གནང་བའི་བརྙན་ཐུང་གཟིགས་འབུལ་ཞུས།
དེ་རྗེས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་དོན། ཕྱི་ཟླ་ ༨ ཚེས་ ༡ ནས་ ༧ བར་འཛམ་གླིང་ནུས་གསོ་དུས་དྲན་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དེའི་ཐོག་གོ་རྟོགས་ལས་གཞི་ཞིག་སྤེལ་འགོ་ཚུགས་ཡོད། ལས་གཞི་དེར་འཛུལ་ཞུགས་གནང་མཁན་ཁྱོན་བོད་མི་གཞོན་སྐྱེས་ ༡༦ བྱུང་བ་རྣམས་ལ་ངས་འཕྲོད་བསྟེན་ལས་ཁུངས་འགོ་ལས་ཡོངས་ཀྱིས་ཚབ་ཞུས་ཏེ་བསྔགས་བརྗོད་ཞུ་རྒྱུ་ཡིན།
སྤྱིར་ཨ་མའི་འོ་མ་ནི་ཕྲུ་གུའི་ཟས་བཅུད་སླད་མེད་དུ་མི་རུང་བ་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད། འོན་ཀྱང་བར་ལམ་ནས་ཕྲུ་གུ་བཙས་པའི་སྐབས་ཨ་མ་མང་དག་ཅིག་བཤག་བཅོས་བྱེད་དགོས་པའི་རྐྱེན་གྱིས་ཨ་མའི་ལུས་ཉམས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ཨ་མའི་འོ་མ་ལས་ལྷག་གཞན་ཕན་ཐོགས་ཆེན་པོ་མེད། ཨ་མའི་འོ་མ་ལ་བརྟེན་ནས་ཕྲུ་གུར་ན་ཚ་དཀོན་པ་དང་ལུས་སྟོབས་ཆེ་བ་སོགས་ཀྱི་ཕན་ཐོགས་མང་པོ་ཡོད། ཨ་མས་ཕྲུ་གུར་འོ་མ་དུས་ཐོག་མ་སྤྲད་པའི་རྐྱེན་གྱིས་ལོ་ལྟར་ཕྲུ་གུ་འབུམ་གཅིག་དང་སྟོང་ཕྲག་བརྒྱད་ཅུ་འདས་གྲོངས་སུ་གྱུར་གྱི་ཡོད་པ་ཞིབ་འཇུག་པ་རྣམས་ཀྱིས་གསུང་གྱི་ཡོད། ང་ཚོ་ཚང་མས་མཉམ་རུབ་ཀྱིས་མང་ཚོགས་ཁྲོད་ཨ་མའི་འོ་མ་ལས་ལྷག་བཅུད་ལྡན་གང་ཡང་མེད་སྐོར་སོགས་ཀྱི་གོ་རྟོགས་སྤེལ་དགོས། ཞེས་སོགས་གསུངས། །