ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༢ བར་སྦེང་ལོར་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱིས་འབྱུང་འགྱུར་འཕགས་བོད་འབྲེལ་ལམ་གོང་འཕེལ་གྱི་འཐབ་ཇུས་ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད་པ་དང་།
དྲ་ཐོག་བགྲོ་གླེང་གི་ཐོག་མར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཟུང་སྦྲེལ་འགན་འཛིན་སྐུ་ཞབས་ཨམ་རུ་ཏི་ཇོ་ཤི་ Shri Amruth Joshi ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་རྗེས་འབུམ་རམས་པ་ལྕམ་སྐུ་སོ་ནི་ཀ་གུབྟཱ་ Dr Sonika Gupta ལགས་ཀྱིས། རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་རིག་པའི་སྐོར། འབུམ་རམས་པ་མ་ཡིལ་ཝ་གྷ་ནན་ Dr Mayilvaganan ལགས་ཀྱིས་འཐབ་ཇུས་དང་བདེ་སྲུང་གི་གནད་དོན་སྐོར་གསུངས། གཞན་ཡང་འབུམ་རམས་པ་ཨ་ནན་ཌི་ Dr Anand P Krishnan ལགས་ཀྱིས་རྒྱ་ནག་གི་ངལ་རྩོལ་སྐོར་དང་། འབུམ་རམས་པ་ཇོན་ན་ Dr Joanna P Coelho ལགས་ཀྱིས་སྐྱབས་བཅོལ་བ་དང་རང་བཙན་ལྡན་པའི་རྒྱལ་ཁབ་བཅས་ཀྱི་གནད་དོན་སྐོར་གསུང་བཤད་གནང་ཡོད།
འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་མ་ཟད། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ནས་བོད་དོན་སླད་ཕྱག་ལས་གནང་བཞིན་པའི་སྐོར་གསུངས། བགྲོ་གླེང་ཐོག་མཉམ་ཞུགས་པ་ཡོངས་ནས་དྲི་བ་དྲིས་ལན་གཟབ་རྒྱས་གནང་ཡོད་པ་བཅས།།