ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༠༢ ལོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ core group for Tibet Cause བཙུགས་པ་ནས་བཟུང་ད་བར་ཚོགས་པ་དེས་བོད་མིའི་རང་དབང་འཐབ་རྩོད་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་གཙོས་འཛམ་གླིང་མི་མང་ལ་ངོ་སྤྲོད་དང་། བོད་དོན་ལ་རྒྱབ་སྐྱོར་འཐོབ་ཐབས་སུ་ལས་འཆར་སྤེལ་བ་དང་ཚོགས་འདུ་ཚོགས་པ་སོགས་ཞབས་འདེགས་རླབས་ཆེན་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་དྲ་རྒྱ་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༨ ཉིན་དྲ་རྒྱ་བརྒྱུད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ། འབྱུང་འགྱུར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་སོགས་གནད་དོན་བཞིའི་སྐོར་ཚོགས་འདུ་བསྐོང་ཚོགས་གནང་སྟེ་བགྲོ་གླེང་གནང་ཡོད་པ་དང་།
བགྲོ་གླེང་གི་ཐོག་མར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ Shri R K Khrimey ལགས་ཀྱིས་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་ཞུས་པ་དང་སྦྲགས་ཉེ་ཆར་ལ་དྭགས་ས་མཚམས་སུ་རྙོག་གླེང་རྐྱེན་པས་གྷལ་ཝན་ Galwan ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་ཕན་ཚུན་གདོང་གཏུགས་འཐབ་རེས་བྱུང་སྐབས་རྒྱ་གར་གྱི་དམག་མི་ ༢༠ འདས་གྲོངས་སུ་ཕྱིན་པ་དང་། གཞན་ཁག་གཅིག་ལ་རྨས་སྐྱོན་ཕོག་པ། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འདས་གྲོངས་སུ་ཕྱིན་པ་བཅས་ལ་སྐར་མ་གཅིག་རིང་ངག་བཅད་ཀྱིས་མྱ་ངན་གུས་འདུད་ཞུས།
འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྔ་ལོར་ལོར་ཀོལ་ཀ་ཊར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ་དང་། ཉེ་ཆར་དྲ་རྒྱ་བརྒྱུད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ་སོགས་ཀྱི་གྲོས་གཞི་དང་། ཐག་གཅོད། བསམ་ཚུལ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ད་བར་བོད་དོན་སླད་ལས་འཆར་ཇི་སྤེལ་དང་། འབྱུང་འགྱུར་གྱི་ལས་འཆར་སྤེལ་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་དང་འགྲེལ་བརྗོད་གནང་ཡོད་པ་བཅས།།