ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་གཉིས་པ་དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་ཀྱིས་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཐོག་ས་གནས་སུ་ལས་དོན་ཇི་སྤེལ་སྐོར་གསལ་བཤད་གནང་ཡོད།
གཉིས་པ། ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་གི་ནང་དབུས་དང་ས་གནས་སུ་ནད་ཡམས་སྔོན་འགོག་གི་ལས་དོན་ཇི་སྤེལ་ཐད་དང་པོ་འགོག་དབྱེ་ཟུར་འཇོག་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་ལེན་གནང་བ་གཞིར་བཟུང་བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་བཅས་ནང་ཁྱོན་བོད་མི་གྲངས་ ༥༠༧ ཏེ་མི་གྲངས་ ༣༠༠ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་། མི་གྲངས་ ༢༠༧ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་འཇོག་ཁང་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༥༩ འགོག་དབྱེ་ཟུར་བཀག་ཏུ་བཞུགས་བཞིན་པའི་གནས་སྟངས་ཞུ།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་ཐད་རྡ་ས་ཁུལ་དུ་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་ཁག་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༡༣༩༢ ༼སྒྲིག་འཛུགས་ལས་བྱེད་གྲངས་ ༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་ ༤༩༩ གནས་ཆུང་གྲྭ་ཚང་ ༨༠ དགའ་གདོང་གྲྭ་ཚང་ ༡༣ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་ ༧༣ གངས་སྐྱིད་རྒྱལ་སྒོ་ནས་ནང་འཛུལ་ཕྱི་མི་གྲངས་ ༢༠༣༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོས་འགན་འཁུར་གནང་བའི་ཐོག་བརྟག་ཞིབ་གནང་ཡོད་ལ་དེའི་ནང་དམིགས་བསལ་ནད་རྟགས་ཐོན་པ་སུའང་བྱུང་མེད། གཞན་ཡང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ས་གནས་གྲངས་ ༣༤ དང་། བལ་ཡུལ་ནང་ས་གནས་གྲངས་ ༢ བཅས་ནང་ཁྱོན་མི་གྲངས་ ༧༥༩༢ ལ་ ༼ ལོ་ན་༦༠ ཡན་མི་གྲངས་ ༥༨༥༦ ཉེན་ཚབས་ཆེ་བ་མི་གྲངས་ ༡༧༣༦ ༽ ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་ཞིབ་རྩད་གནང་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་སྤེལ་བའི་ཁོངས་སུ། ས་གནས་ཕལ་མོ་ཆེར་བདུན་ཕྲག་རེའི་ནང་གཞིས་ཆགས་ཕྱི་ནང་དང་། མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
དེ་སྔ་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་འགོ་འཛུགས་ཀྱིས་ད་བར་གསོ་རིག་ལུས་སེམས་ནུས་གསོའི་གསོལ་སྨན་གྲངས་ ༡༦༢༤༢ ༼འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༦༥༠ ལོ་ན་ ༦༥ ཡན་བོད་མི་གྲངས་ ༩༤༧༦ སྨན་ཞབས་སོགས་མདུན་ལ་ཕྱག་ལས་གནང་མཁན་མི་གྲངས་ ༡༠༥༢ བླ་གཉན་ནད་གཞི་ཡོད་པ་མི་གྲངས་༡༥༣༣ དང་ཕྱི་རྒྱལ་ཁག་ལ་གསོལ་སྨན་གྲངས་ ༢༥༣༡༽ རིན་མེད་བགོ་འགྲེམས་ཐུབ་པ་བྱུང་ཡོད། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་ ༢༤ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་ ༡༩༡ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་ནད་གཞི་ཕོག་པའི་མི་རྣམས་ལ་ཁ་པར་བརྒྱུད་འབྲེལ་བ་གནང་ཐུབ་པ་བྱུང་ཡོད།
ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་མི་ས་ཡ་ ༢༣ ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་ ༨ ལྷག་ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༣༣ ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་ ༦ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་ད་ཆ་མི་གྲངས་འབུམ་ ༧ ལྷག་ནད་མནར་བཞིན་པ་དང་ཉིན་རེར་མི་གྲངས་སྟོང་ཕྲག་ ༧༠ ལྷག་ནད་པ་གསར་པ་བྱུང་བཞིན་པའི་ཛ་དྲག་གནས་སྟངས་ཆགས་ཡོད།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་ངོ་སྤྲོད་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༤༡ བྱུང་ཡོད། དེ་ཡང་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་ནས་མི་གྲངས་ ༣ ༼བུད་མེད་རང་ལོ་ ༢༩ རང་ལོ་ ༤༡ སྐྱེས་པ་རང་ལོ་ ༣༦ བཅས། ༽ ཁོང་གསུམ་ལ་གློ་རྒྱབ་པ་ལ་སོགས་ནད་རྟགས་ཅུང་ཟད་མངོན་ཞིང་ད་ཆ་སྨན་ཁང་གི་ཟུར་འཇོག་ཁང་ནང་ཟུར་བཀག་ཐོག་གནས་མུས། དེ་ནས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་མི་ ༤ ༼བུད་མེད་རང་ལོ་ ༢༣ སྐྱེས་པ་རང་ལོ་ ༢༤ རང་ལོ་་༢༧ རང་ལོ་ ༢༨ བཅས། ༽ བྱུང་འདུག་པའི་ཁོངས་བཞི་ཀར་དམིགས་བསལ་ནད་རྟགས་གང་ཡང་མ་མངོན་ལ་ད་ཆ་ཚོགས་སྡེའི་ནང་ཟུར་བཀག་ཐོག་གནས་མུས། དེ་ནས་སྦེལ་ཀོབ་ཁུལ་ནས་མི་གྲངས་ ༢ ༼བུད་མེད་རང་ལོ་ ༧༥ སྐྱེས་པ་རང་ལོ་ ༤༡༽ བྱུང་འདུག་པར་གཉིས་ཀར་ནད་རྟགས་དམིགས་བསལ་མེད་ལ་ད་ཆ་རྫོང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པ་དང་།
དེ་ནས་བདུན་ཕྲག་འདིའི་ནང་སྟབས་མ་ལེགས་པ་ཞིག་ལ་ལ་དྭགས་ཁུལ་ནས་ཁྱོན་མི་གྲངས་ ༣༢ ལ་ནད་གཞི་འདི་ཕོག་པ་ར་འཕྲོད་བྱུང་ཡོད་ཅིང་ནད་གཞི་ཕོག་པའི་མི་གྲངས་༣༢ ལས་སྐྱེས་པ་ ༡༩ དང་བུད་མེད་༡ ༣ ཡིན་ཞིང་ལོ་ན་བགྲེས་ཤོས་དེ་ ༩༨ དང་ལོ་ན་ཆུང་ཤོས་དེ་ལོ་ ༡༠ ཆགས་ཡོད། མི་གྲངས་ ༣༢ ནས་མི་གྲངས་ ༥ ལ་ནད་རྟགས་ཅུང་ཟད་ཡོད་པ་དང་མི་གྲངས་ ༢༦ ལ་དམིགས་བསལ་ནད་རྟགས་གང་ཡང་མེད་ལ་མི་གྲངས་ ༡ ཛ་དྲག་གིས་སྨན་བཅོས་བྱེད་མུས་ཡིན་པ་བཅས་ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་ ༡༣༨ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་ ༣ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༨༠ དྲག་སྐྱེད་བྱུང་ཡོད། ད་ཆ་མི་གྲངས་ ༥༥ ནད་མནར་བཞིན་ཡོད།
ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་བ་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་དགོས་ངེས་ལ་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
ད་ལན་སྟབས་མ་ལེགས་པ་ཞིག་ལ་ལ་དྭགས་ཁུལ་དུ་བོད་མི་སྐུ་བགྲེས་མང་པོར་ནད་གཞི་ཕོག་ཡོད་པའི་གནས་ཚུལ་ཐོན་དུས་མི་མང་ནང་རང་བཞིན་གྱིས་དངངས་ཚབ་སྐྱེ་དགོས་བྱུང་ཡོད། ནད་གཞི་ཕོག་པ་རྣམས་དེ་ག་བོད་ཁྱིམ་སློབ་གྲྭའི་བུའི་ཉལ་ཁང་དང་བུ་མོའི་ཉལ་ཁང་ནང་ཟུར་འཇོག་ཐོག་སྨན་པ་གཅིག་དང་སྨན་ཞབས་གཉིས་དམིགས་འཛུགས་ཀྱིས་འཕྲོད་བསྟེན་ཞབས་ཞུ་བསྒྲུབ་བཞིན་ཡོད། ནད་གཞི་ཕོག་མེད་པ་རྣམས་བོད་ཁྱིམ་རྒས་གསོ་ཁང་རང་ལ་གནས་ཡོད་པ་ཡིན། ཁ་ཉིན་ས་གནས་སུ་ཛ་དྲག་གནས་ཚུལ་བྱུང་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་དབུ་བཞུགས་ཐོག་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། བོད་ཁྱིམ་འགན་འཛིན། ས་གནས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་བཅས་ལྷན་འཛོམས་ཐོག་དྲ་ཐོག་ཚོགས་འདུ་བསྐོང་ཚོགས་གནང་། ཚོགས་འདུའི་ཐོག་ས་གནས་ཀྱི་གནས་སྟངས་དང་ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་ཚང་མས་འཁུར་མཉམ་བཞེས་ཀྱིས་གདོང་ལེན་གནང་དགོས་པ་དང་། སྒྲིག་འཛུགས་ནས་དེ་སྔ་ནད་ཡམས་ཁྱབ་གདལ་འགོ་འཛུགས་སྐབས་ནས་ས་གནས་སུ་ཁ་རས་དང་དུག་སེལ་སྨན་ཆུ། དེ་བཞིན་ནད་འགོག་སྲུང་སྐྱོབ་ཡོ་བྱད་སོགས་མཐུན་འགྱུར་སྦྱར་ཡོད་པ་དང་། ད་ཆ་ཛ་དྲག་གི་དུས་ཚོད་འདིར་མཐུན་འགྱུར་སྦྱོར་དགོས་ཅི་རིགས་སྒྲིག་འཛུགས་ནས་སྦྱར་རྒྱུ་ཡིན་སྐོར་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས། དེ་ག་ས་གནས་འགོ་འཛིན་དང་ས་གནས་རྫོང་གི་སྨན་ཁང་། དེ་བཞིན་ས་གནས་གཞུང་ནས་ཀྱང་མཐུན་འགྱུར་སྦྱར་གནང་ཡོད་ན་ང་ཚོ་མི་མང་མི་རེ་ངོ་རེ་ནས་འགན་འཁྱེར་བའི་ཐོག་ས་གནས་སུ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་མཉམ་རུབ་གནང་དགོས་པ་གསུངས།
ད་བར་བོད་པའི་སྤྱི་ཚོགས་ནང་ནད་གཞི་ཕོག་པའི་རྒྱབ་ལྗོངས་ལ་བལྟས་སྐབས་མི་མང་ཆེ་བ་རྒྱལ་ནང་གི་རྒྱལ་ས་དམར་རྟགས་ཅན་ནས་འགྲུལ་བཞུད་བྱས་པ་ལས་བྱུང་ཡོད་པ་དང་། ཡང་མི་མང་པོ་ཞིག་རྒྱུན་དུ་སྨན་ཁང་ནང་བརྟག་དཔྱད་སྨན་བཅོས་ཆེད་ཕེབས་པའི་སྐབས་ནད་གཞི་ཕོག་པ་དང་། དེ་བཞིན་ནད་གཡོག་ལ་ཕྱིན་སྐབས་ནད་གཞི་འགོས་པའི་རིགས་མང་པོ་བྱུང་བཞིན་འདུག་ན་མི་མང་ངོས་ནས་གལ་ཆེ་དོན་ཆེན་ཡིན་ན་མ་གཏོགས་འགྲུལ་བཞུད་འཛེམ་རྒྱུ་གལ་ཆེ་བ་དང་། དེ་བཞིན་སྨན་ཁང་ལ་ཕེབས་དགོས་བྱུང་ནའང་སོ་སོའི་ངོས་ནས་སྔོན་འགོག་ཐབས་ལམ་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་བ། གཞན་ཡང་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་ཐོག་རང་ངོས་ནས་ལུས་སེམས་ནུས་པ་གསོ་བྱེད་ཀྱི་ཟས་སྤྱོད་རྣམས་བསྟེན་རྒྱུ་ཤིན་ཏུ་གལ་ཆེ། ད་ལན་སྐུ་ན་བགྲེས་པ་མང་པོར་ནད་གཞི་འདི་ཕོག་དུས་གཟུགས་པོའི་རང་བཞིན་གྱི་ཆ་ནས་རླུང་ཁམས་ཀྱི་རང་བཞིན་ཡིན་དུས་སེམས་ནང་དངང་སྐྲག གཉིད་མ་ཁུག་པ། གཉིད་ཁུག་ཀྱང་རྨི་ལམ་ཟ་ཟི་ཡོང་བ་དང་། དེ་བཞིན་རྣ་བར་སིང་སྒྲ་བྱུང་བ་སོགས་ལུས་ཁམས་ཀྱི་རང་བཞིན་ཡིན་པས་དེའི་ཁ་བསྣོན་ཟས་སུ་རྩམ་ཐུག་དང་གྲོ་ཐུག རུས་ཐང་དང་སྔོ་ཚལ་སྣ་འཛོམས་ཀྱི་ཁུ་བ། རྒྱུན་དུ་ཆབ་སྐོལ་འཐུང་བ་སོགས་དྲོད་བཅུད་ལྡན་པའི་ཟས་བསྟེན་རྒྱུ་གལ་ཆེ་བའི་ལམ་སྟོན་ཞུས།
དེ་ནས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་རྒྱ་གར་ནང་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་འདིར་མི་མང་ནས་དོན་གནད་གལ་ཆེ་ཡིན་ན་མ་གཏོགས་འགྲུལ་བཞུད་འཛེམ་རྒྱུ། དེ་བཞིན་སྨན་ཁང་ནང་སྨན་བཅོས་དང་ནད་གཡོག་ལ་འགྲོ་དགོས་བྱུང་ནའང་སོ་སོ་རང་ཁྱིམ་དུ་ལོག་རྗེས་ཟུར་བཀག་ཐོག་བཞུགས་དགོས་གལ་ཆེ། ད་ལན་བོད་མི་རྒན་བགྲེས་མང་པོ་ཞིག་ལ་ནད་གཞི་འདི་ཕོག་པ་བྱུང་ཡོད་དུས་ཚང་མས་དངངས་ཚབ་མ་སྐྱེ་བར་ད་ལྟའི་བྱུང་བ་འདི་ལས་བསླབ་བྱ་ལེན་ནས་འབྱུང་འགྱུར་བོད་མིའི་གཞིས་ཆགས་ནང་དེ་ལྟར་མ་ཡོང་བའི་ཐབས་ལམ་འབད་བརྩོན་གནང་དགོས་སྐོར་དང་། གལ་ཏེ་རང་ཉིད་ཕྱི་ནས་འགྲུལ་བཞུད་བྱས་ནས་གཞིས་ཆགས་སུ་ལོག་པའི་གནས་སྟངས་ལ་རང་ངོས་ནས་ཁྱིམ་མཚེས་ཡུལ་མི་རྣམས་ལ་དོགས་ཟོན་གནང་དགོས། སྔོན་བརྡ་སྟེ་ཉིན་གྲངས་ ༡༤ རིང་ཐུགས་ཏུ་མ་ཡོང་བ་གསུང་རྒྱུ་གལ་ཆེ། ད་ལྟའི་ནད་ཡམས་འདི་ལ་ནད་རྟགས་དམིགས་བསལ་མ་མངོན་དུས་མི་སུ་ལ་གཉན་སྲིན་ནད་འབུ་དེ་ཡོད་མེད་ཤེས་རྟོགས་དཀའ་བས་ཁྲོམ་སོགས་མི་འདུ་འཛོམས་ཆེ་ས་དང་། དེ་བཞིན་ཐུགས་སྤྲོ་དང་དགོས་མེད་ཆམ་ཆམ་སོགས་ལ་མ་ཕེབས་རྒྱུ་གཙོ་འདོན་གནང་གལ་ཆེ་བའི་ལམ་སྟོན་གནང་།
ཡང་འགོག་དབྱེ་ཟུར་འཇོག་དང་འབྲེལ་དེ་སྔ་ཞུས་པ་བཞིན་ས་གནས་གང་དུ་ཕེབས་ཀྱི་ཡོད་ན་དེ་གའི་ས་གནས་སུ་སྔོན་ཚུད་ནས་བརྡ་ལན་གནང་རྒྱུ་དང་། ཟུར་འཇོག་ཁང་དུ་བཞུགས་པའི་རིང་ལའང་ཁྲིམས་སྒྲིག་བརྩི་སྲུང་གིས་ལས་བྱེད་ཞབས་ཞུ་བ་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག་འདི་ཟླའི་ཚེས་ ༢༠ ཉིན་རྡ་ས་ཁུལ་དུ་མི་ ༢༨ ལ་གཉན་སྲིན་ནད་འབུ་ཡོད་མེད་བརྟག་དཔྱད་བྱས་པས་མི་སུལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད། ད་ལྟ་གོང་དུ་བལ་ཡུལ་ནང་གི་གནས་སྟངས་གསུངས་པ་དང་འབྲེལ་བལ་ཡུལ་ནང་ད་ཆ་ Mustang དང་ Humla མ་གཏོགས་རྫོང་གཞན་ཚང་མར་ནད་གཞི་ཁྱབ་གདལ་ཕྱིན་ཟིན་འདུག བལ་ཡུལ་ནང་ད་ཆ་ནད་མནར་བཞིན་པའི་གྲངས་འབོར་ཡང་ཇེ་མཐོར་འགྲོ་བཞིན་འདུག་ན། ཚང་མས་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ཐེངས་ ༢༢ དེ་མཇུག་སྒྲིལ་གནང་ཡོད།།