ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་བཞུགས་སྒར་རྡ་སའི་ཉེ་འདབས་ Daad,Chamunda ཞེས་པའི་ས་གནས་སུ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་ཏོག་དབྱིབས་གཉན་རིམས་སྨན་བཅོས་གནང་བཞིན་པའི་རྒྱ་གར་ཡུལ་མི་ ༦༠ ཙམ་ལ་ལུས་ཟུངས་གསོ་སླད་བཅུད་ལྡན་གྱི་ཟས་རིགས་བགོ་འགྲེམས་གནང་ཡོད།
དེ་ཡང་ཀངྒ་ར་རྫོང་དཔོན་དང་རྫོང་དཔོན་གཞོན་པ་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་ཀངྒ་ར་རྫོང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད་པ་རྣམས་ལ་ལུས་ཟུངས་གསོ་བའི་ཟས་རིགས་མཐུན་འགྱུར་གནང་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་རེ་འདུན་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། རྡ་ས་ས་གནས་འགོ་འཛིན། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་སོགས་ས་གནས་སུ་དངོས་སུ་ཕེབས་ཏེ་ལུས་ཟུངས་གསོ་བའི་ཟས་རིགས་བགོ་འགྲེམས་གནང་ཡོད།
སྐབས་དེར་རྫོང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད་པའི་སྨན་པ་དང་། སྨན་པའི་ལས་རོགས། དེ་བཞིན་རྫོང་དཔོན་གྱི་སྐུ་ཚབ་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་ཆེད་ཕེབས་གནང་བར་ཕེབས་བསུའི་སྣེ་ལེན་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །