ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་པ་དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནང་དྲི་བ་དྲི་ལན་ཚུལ་དུ་མི་མང་ལ་ལམ་སྟོན་བྱས་པ་རྣམས་གསལ་འགྲེལ་ཞུས་གནང་ཡོད། དེའང་དོན་ཚན་བཞིར་ཕྱེ་ནས་གསུངས་པའི་དང་པོ་ནི། དེང་གཞོན་སྐྱེས་ཕལ་མོ་ཆེ་དྲ་རྒྱའི་ཐོག་ནས་སློབ་སྦྱོང་བྱེད་བཞིན་ཡོད་པས་དྲ་རྒྱའི་ཐོག་ཡུན་རིང་པོ་བཞུགས་ཚེ་མིག་ལ་གནོད་སྐྱོན་བྱེད་ཀྱི་ཡོད་པས་དྲ་རྒྱའི་ཐོག་སློབ་སྦྱོང་དང་གློག་བརྙན་བལྟ་རྒྱུའི་ཆེད་དུས་ཚོད་ screen time བཟོ་རྒྱུ་གལ་ཆེ་བ་གསུངས། དྲ་རྒྱའི་ཐོག་དུས་ཚོད་མང་པོ་བཏང་བ་ལས་ལུས་རྩལ་དང་དབུགས་སྦྱོང་སོགས་གནང་ན་ལུས་པོར་ཕན་གྱི་ཡོད་པ་གསུངས། དོན་ཚན་གཉིས་པ་དེ་མི་མང་པོ་ཅིག་རྡོ་ཐ་ལས་གྲུབ་པའི་ཐ་མ་ཁ་སོགས་བསྟེན་གྱི་ཡོད་པས་ད་ལྟའི་ཏོག་དབྱིབས་གཉན་རིམས་༡༩ འདི་ཐ་མ་ཁ་འཐེན་མཁན་ལ་ཕོག་ཉེན་ཆེ་བ་དམིགས་བསལ་ཡོད་སྐོར་གསལ་ཁ་མེད་ཀྱང་ནད་ཡམས་འདི་ལག་པ་གང་བྱུང་ལ་འཆང་བ་ལས་འགོས་ཉེན་ཆེ་བ་ཡོད་པས་ཐ་མ་ཁ་འཐེན་པའི་སྐབས་ལག་པ་བརྒྱུད་ནས་ནད་གཞི་འདི་འགོས་ཉེན་ཆེན་པོ་ཡོད་པས་འབྱུང་ན་ཐ་མ་ཁ་འཐེན་རྒྱུ་མཚམས་འཇོག་གནང་གལ་ཆེ་བ་གསུངས། དེ་འབྲེལ་ཐ་མ་ཁ་སྤང་བ་ཡིན་ན་གློ་བ་དང་སྙིང་། དེ་བཞིན་ཁྲག་ཤེད་ལ་སོགས་པའི་ན་ཚའི་ཉེན་ཁ་ཆུང་བ་ཡོད་སྐོར་ལམ་སྟོན་གནང་། གནད་དོན་གསུམ་པ་དེ་བུད་མེད་སྦྲུམ་མ་གང་ཞིག་ལ་ཏོག་དབྱིབས་གཉན་རིམས་༡༩ ཕོག་ཡོད་ཚེ་ཨ་མས་ཕྲུག་གུ་དེ་ལ་ནུ་ཞོ་བསྣུན་དགོས་མིན་དང་ནུ་ཞོ་བརྒྱུད་ནད་གཞི་འགོས་མིན་ཐད་མང་ཚོགས་ལ་དོགས་འདྲི་ཡོད་པ་དེར་ད་བར་ཞིབ་འཇུག་བྱས་པ་ལས་ཨ་མའི་ནུ་ཞོ་བརྒྱུད་ཕྲུ་གུར་གཉན་རིམས་འདི་ཕོག་གི་ཡོད་པ་ཤེས་རྟོགས་བྱུང་མེད། ཨ་མས་ཕྲུག་གུ་གསར་སྐྱེས་ལ་ངེས་པར་ནུ་ཞོ་བསྣུན་དགོས་ཀྱང་ཨ་མའི་ངོས་ནས་ལག་པ་གཙང་མ་འཁྲུ་རྒྱུ། ཁ་ལ་ཁ་རས་གྱོན་རྒྱུ། གལ་ཏེ་ཨ་མ་རང་ཉིད་གློ་དང་སྦྲིད་པ་རྒྱག་གི་ཡོད་ཚེ་ངེས་པར་དུ་སྣབས་འཕྱི་དང་གཙང་ཤོག་བེད་སྤྱོད་བྱེད་ནས་དེ་གད་སྣོད་ཁེབས་ཡོད་པའི་ནང་བླུགས་རྗེས་ལག་པ་འཁྲུ་རྒྱུ། དེ་བཞིན་ལག་པ་ཡང་སེ་འཇུ་སའི་དངོས་ཆས་དང་ཉལ་ཁང་ནང་འཁོར་ལ་དུག་སེལ་བྱ་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་ངེས་པར་བསྟེན་དགོས་པ་དང་། ཡང་ཕྲུག་གུ་ཆུང་ཆུང་ལ་སྔོན་འགོག་ཁབ་རྒྱབ་རྒྱུ་ཡོད་པ་རྣམས་དུས་ཐོག་རྒྱབ་རྒྱུ་གལ་ཆེ་བ་གསུངས། དོན་ཚན་བཞི་པ་དེ་ཁ་རས་སྐོར་ལ་གསུངས་གནང་བའི་ནང་ཁ་རས་ནི་རང་གཞན་གཉིས་ཀའི་སྲུང་སྐྱོབ་ཆེད་ངེས་པར་གྱོན་དགོས་པ་ཡིན། ཡང་ཁ་རས་གཅིག་པུས་ནད་ཡམས་ཁྱབ་གདལ་བཀག་འགོག་མི་ཐུབ་པས་མི་དང་མིའི་དབར་རྒྱང་ཐག་འཇོག་ཡས། དེ་བཞིན་ཁ་དང་མིག་སྣ་སོགས་ལ་ལག་པ་འཆང་མ་དགོས་ན་མ་འཆང་ཡས་སོགས་ཀྱི་ཐབས་ལམ་ཡང་བསྟེན་དགོས་པ་གསུངས། མཐའ་དོན་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་མང་ཚོགས་ལ་ལམ་སྟོན་གནང་བའི་ནང་མི་མང་འདུ་འཛོམས་ཆེ་སར་འགྲོ་དགོས་མ་བྱུང་ན་མ་འགྲོ་ཡས། མིའི་དབར་རྒྱང་ཐག་འཇོག་ཡས། གློ་དང་སྦྲིད་པ་རྒྱབ་དུས་ཁ་དང་སྣ་འགེབ་རྒྱུ། ལག་པ་ཡང་སེ་འཁྲུ་དགོས་ཡས། དེ་བཞིན་ཡུལ་ཁྲིམས་རྣམས་བརྩི་སྲུང་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་རྣམས་མང་ཚོགས་ནས་མཁྱེན་དགོས་གལ་ཆེ་ཡིན་པ་གསུངས།
གཉིས་པ།
ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་ངོ་སྤྲོད་གནང་དོན། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༩ བྱུང་ཡོད། དེ་ཡང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་༤ ༼བུད་མེད་རང་ལོ་༢༤། སྐྱེས་པ་རང་ལོ་༢༡ རང་ལོ་༤༡ རང་ལོ་༤༤ བཅས་༽ བྱུང་འདུག་པ་ལས་སྐྱེས་པ་རང་ལོ་༢༡ ལ་ནད་རྟགས་ཅུང་མངོན་པ་ལས་གཞན་གསུམ་ལ་དམིགས་བསལ་ནད་རྟགས་མེད། ཁོང་རྣམས་ད་ཆ་མོན་གྷོ་ས་གནས་ཀྱི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་པའི་གནས་སྟངས། དེ་ནས་རྒྱ་གར་ལྷོ་ཕྱོགས་མེངྒ་ལོར་ཁུལ་ནས་མི་གྲངས་༣ བྱུང་འདུག ༼བུད་མེད་རང་ལོ་༢༤ རང་ལོ་༢༥ རང་ལོ་༢༤ བཅས་༽ བུད་མེད་རང་ལོ་༢༤ ཅན་ཁོང་གཉིས་ལ་ནད་རྟགས་ཅུང་མངོན་པ་ལས་གཞན་གཅིག་དེ་ལ་ནད་རྟགས་གང་ཡང་མེད། ཁོང་གསུམ་ནས་རང་ལོ་༢༤ བྱེད་པ་ཁོང་མོ་གཞུང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད་པ་དང་གཞན་གཉིས་རང་ཁྱིམ་ལ་ཟུར་བཀག་ཐོག་བཞུགས་ཡོད། དེ་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཁུལ་ནས་མི་གྲངས་༢ བྱུང་འདུག ༼བུད་མེད་རང་ལོ་༣༡ རང་ལོ་༢༥ བཅས་༽ཁོང་གཉིས་ཀར་དམིགས་བསལ་ནད་རྟགས་གང་ཡང་མེད་ལ་ད་ཆ་ཚོགས་སྡེའི་ཟུར་བཀག་ཐོག་བཞུགས་ཡོད། གོང་གསལ་མི་དགུ་པོའི་རྒྱབ་ལྗོངས་ནི་མང་ཆེ་བ་རྒྱལ་ས་ཆེ་ཁག་ནས་འགྲུལ་བཞུད་བྱས་པ་ལས་ནད་འགོས་ཡོད་པ་དང་། ཁག་ཅིག་སྨན་ཁང་ནང་སྨན་ཞབས་དང་། ནད་གཡོག་བྱས་པ་ལས་ནད་འགོས་ཡོད་པ་དང་། ཡང་ཁག་ཅིག་ནད་པ་དང་དངོས་སུ་འབྲེལ་ཐུགས་བྱུང་བ་ལས་ནད་འགོས་པའི་གནས་སྟངས་ཞུས།
ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་ ༨༨ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་༦༧ དྲག་སྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་༡༩ ནད་མནར་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་།
ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་བརྒྱུད་ལོན་དང་སློབ་གསོ་ལམ་སྟོན་རིགས་གནང་ཐུབ་པ་བྱུང་།
འདས་པའི་བདུན་ཕྲག་ཅིག་གི་ནང་དབུས་དང་ས་གནས་ཀྱི་ལས་དོན་ཚོགས་ཆུང་གི་གྲུབ་ཐོན་ཞུ་རྒྱུར། དང་པོ་འགོག་དབྱེ་ཟུར་འཇོག་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་ལེན་བྱུང་བ་གཞིར་བཟུང་བདུན་ཕྲག་འདིའི་ནང་རྒྱ་གར་ནང་ས་གནས་གྲངས་༢༩ དང་བལ་ཡུལ་ནང་ས་གནས་གྲངས་༣ བཅས་ནང་ཁྱོན་བོད་མི་གྲངས་ ༤༨༥ ཏེ་མི་གྲངས་༢༤༧ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་༢༣༨ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་༤༤ འགོག་དབྱེ་ཟུར་བཀག་ཏུ་བཞུགས་བཞིན་པའི་གནས་སྟངས་ཞུ།
དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་ཐད་རྡ་ས་ཁུལ་དུ་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་༢༤༠༢ ༼སྒྲིག་འཛུགས་ལས་བྱེད་གྲངས་༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་༦༡༨ གནས་ཆུང་གྲ་ཚང་།༨༠ དགའ་གདོང་གྲ་ཚང་།༡༣ བོད་ཀྱི་དཔེ་མཛོད་ཁང་། ༣༠ བོད་ཀྱི་སྨན་རྩིས་ཁང་།༥༡༧ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༧༣ གངས་སྐྱིད་རྒྱལ་སྒོ་ནས་ནང་འཛུལ་ཕྱི་མི་གྲངས་༥༤༧༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོས་འགན་འཁུར་གནང་བའི་ཐོག་བརྟག་ཞིབ་གནང་ཡོད་ལ་དེའི་ནང་དམིགས་བསལ་ནད་རྟགས་ཐོན་པ་སུའང་བྱུང་མེད། གཞན་ཡང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ས་གནས་གྲངས་༣༦ ནང་ཁྱོན་མི་གྲངས་༧༦༠༠ ལ་ (ལོ་ན་༦༠ ཡན་མི་གྲངས་ – ༥༩༠༢ ཉེན་ཚབས་ཆེ་བ་མི་གྲངས་ – ༡༦༩༨) ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་སྤེལ་བའི་ཁོངས་སུ། ས་གནས་ཕལ་མོ་ཆེར་བདུན་ཕྲག་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད་པ་དང་། ཡང་བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་ ༣༨ ལ་ནད་འབུ་ཡོད་མེད་བརྟག་དཔྱད་བྱས་ཐུབ་པ་བྱུང་ཡོད་ཅིང་ཁྱོན་བསྡོམས་ད་བར་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་གྲངས་༢༩ ནང་ཁྱོན་བོད་མི་གྲངས་༢༡༠༩ དང་བལ་ཡུལ་ཁུལ་དུ་བོད་མི་གྲངས་༦༩ ལ་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་ཡོད།
དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་༢༢ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་ ༣༠༠ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུད་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་ནད་གཞི་ཕོག་པའི་མི་གྲངས་དགུ་བྱུང་འདུག་པ་རྣམས་ལ་ཁ་པར་བརྒྱུད་འབྲེལ་བ་གནང་ཐུབ་པ་བྱུང་ཡོད།
ལས་འཆར་བཀོད་སྒྲིག་དང་དྲ་ཐོག་ཟབ་སྦྱོང་གོ་སྒྲིག་ཚན་པའི་ངོས་ནས་བདུན་ཕྲག་འདིའི་ནང་བསྟན་འཛིན་སྒང་འཕྲོད་བསྟེན་སྨན་ཁང་དང་ཧོན་སུར་ཕན་བདེ་སྨན་ཁང་། བལ་ཡུལ་བྱམས་པ་གླིང་གི་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་དང་འཕྲོད་ལས་པ་བསྡོམས་མི་གྲངས་ ༡༩ ལ་ཟབ་སྦྱོང་ཕུལ་འདུག་པས་ཁྱོན་བལ་ཡུལ་ནང་མི་གྲངས་༧ དང་རྒྱ་གར་ནང་མི་གྲངས་༡༣༨ བསྡོམས་མི་གྲངས་༡༤༥ ལ་དྲ་རྒྱའི་ཐོག་ནས་ཟབ་སྦྱོང་ཕུལ་ཡོད།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
གཞི་རྩའི་འཛམ་གླིང་ཁྱོན་ཡོངས་ལ་མི་ས་ཡ་༢༠ ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་༧ ལྷག་ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་མི་གྲངས་འབུམ་༢༣ ལྷག་ལ་ནད་གཞི་འདི་ཕོག་ཡོད་པ་དང་། མི་གྲངས་ཁྲི་བཞི་ལྷག་རྐྱེན་འདས་སུ་ཕྱིན་ཡོད། རྒྱ་གར་ནང་མི་དྲག་སྐྱེད་སོང་བའི་བརྒྱ་ཆ་ ༧༠ བརྒལ་བཞིན་ཡོད་པ་དང་འདས་གྲོངས་སོང་བའི་བརྒྱ་ཆ་དེ་༡།༩༨ ཙམ་ཡིན་འདུག
ད་ཆ་ཨ་རི་དང་ཡུ་རོབ་ས་ཁུལ་ཁག་ཅིག་ལ་ནད་གཞི་འདི་ཅུང་ཛ་དྲག་ཏུ་ཕྱིན་ཡོད་ཅིང་འདས་པའི་བདུན་ཕྲག་ནང་ལོ་ ༡༠་་་༢༠ བར་གྱི་ཕྲུ་གུ་དར་མ་རྣམས་ལ་ནད་གཞི་འདི་ཕོག་མཁན་མང་པོ་བྱུང་ཡོད་པས་ང་ཚོ་བོད་མི་རྣམས་ནས་ཕྲུ་གུ་རྣམས་ལ་དམིགས་བསལ་ཐུགས་སྣང་གཟབ་གཟབ་གནང་དགོས་པའི་དྲན་སྐུལ་ཞུས། དེ་བཞིན་རྒས་གསོ་ཁང་ནང་དུའང་ཕྱི་མི་ཕེབས་མཁན་དང་ཡང་དེ་གར་ཞབས་ཞུའི་ལས་བྱེད་རྣམས་ནས་ཀྱང་རྒས་གསོ་ནང་དུ་ནད་ཡམས་ཁྱབ་གདལ་བཀག་འགོག་གང་གཟབ་གནང་དགོས་པའི་རེ་སྐུལ་ཞུ།
ད་ལན་ཆེད་ལས་པའི་ལམ་སྟོན་ཚུལ་དུ་ནད་གཞི་འདི་བུད་མེད་སྦྲུམ་མར་ཕོག་རྒྱུའི་ཉེན་ཚབས་ཆེ་བ་ཡོད་མིན། དེ་བཞིན་སྦྲུམ་མ་རང་ཉིད་སྲུང་སྐྱོབ་བྱེད་སྒོ་དང་འབྲེལ་ཞུ་སྙིང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་བུད་མེད་སྦྲུམ་མ་རྣམས་ལ་ནད་གཞི་འདི་ཕོག་རྒྱུའི་དམིགས་བསལ་ཉེན་ཚབས་ཆེ་བ་ཡོད་པ་ཞིབ་འཇུག་ལས་ཐོན་མེད་ཀྱང་ནད་གཞི་འདི་གཙོ་བོ་ལུས་ཀྱི་གློ་བར་བབ་ན་དབུགས་གཏོང་ལེན་དཀའ་བ་སོགས་ཉེན་ཁ་ཡོད་པས་སྦྲུམ་མ་རང་ཉིད་ནས་གཟབ་གཟབ་གནང་དགོས་པའི་ལམ་སྟོན་གནང་། གཞན་ཡང་ནད་ཡམས་འདི་ལས་སྲུང་ཐབས་སུ་སྦྲུམ་མ་རང་ཉིད་ནས་མི་གཞན་སྤྱི་མཚུངས་སྔོན་འགོག་ཐབས་ལམ་རྣམས་ངེས་པར་བསྟེན་དགོས་པ་དང་ལྷག་པར་གློ་རྒྱབ་དང་ཚ་བ་འཕར་བ་ལ་སོགས་པའི་ནད་རྟགས་མངོན་ཚེ་ངེས་པར་དུ་སྨན་པར་ཁ་པར་བརྒྱུད་འབྲེལ་བ་གནང་ནས་དོགས་གཞི་འབྱུང་ཚེ་ནད་གཞི་འདི་ཕོག་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་ལས་དེ་མིན་སྦྲུམ་མ་ཚང་མས་ནད་གཞི་འདི་ཡོད་མེད་བརྟག་དཔྱད་བྱེད་དགོས་དོན་མེད། ཡང་ནད་གཞི་འདི་སྦྲུམ་མ་ཕྲུ་གུ་བཙའ་བའི་སྐབས་གསར་སྐྱེས་ཕྲུ་གུ་ལ་འགོས་མིན་ཞིབ་འཇུག་བྱས་པ་ལས་ད་བར་མའི་ངལ་ཆུ་དང་ནུ་ཞོ་ལ་བརྟག་དཔྱད་བྱས་པས་ནད་འབུ་མངོན་པ་དམིགས་བསལ་ཐོན་མེད་པ་བརྗོད། ད་ལྟའི་གཉན་རིམས་ཁྱབ་གདལ་གྱི་སྐབས་སུའང་སྦྲུམ་མར་རང་ཉིད་ལ་བུ་བདེ་བར་བཙའ་ཆེད་སྨན་ཁང་ནང་ཐོབ་ཐང་དེ་སྔོན་བཞིན་ཡོད་པ་ཡིན། ཡང་སྦྲུམ་མ་རང་ཉིད་ལ་ནད་གཞི་འདི་ཕོག་ཡོད་ཚེ་ཨ་མས་རང་གི་ཕྲུག་གུ་ལ་ལག་པ་འཆང་ཆོག་མིན་དོགས་འདྲི་ཡོད་ཚེ་དེ་ནི་ནད་གཞི་སྔོན་འགོག་གི་ཐབས་ལམ་ཆ་ཚང་བསྟེན་པའི་ཐོག་རང་ཉིད་ཀྱི་བུར་ལག་པ་འཆང་རྒྱུའི་མཚོན་ནུ་ཞོ་བསྣུན་རྒྱུ་དང་པང་ལ་སྟེགས་རྒྱུ་སོགས་བྱེད་ཆོག་གི་ཡོད་པའི་ལམ་སྟོན་གནང་ཡོད་པ་རྣམས་གསལ་འགྲེལ་ཞུས།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་མི་མང་ལ་འབོད་སྐུལ་དང་གསལ་བཤད་ཞུས་པའི་དོན་ཚན་དང་པོ་དེ། རྡ་ས་གཙོས་ས་གནས་ཁག་ཏུ་ཕྱི་མི་ཕེབས་མཁན་རྣམས་ཡིན་ཅིག་ས་གནས་འགོ་འཛིན་ལ་སྔོན་ཚུད་ནས་བརྡ་ལན་གནང་རོགས། དེས་ས་གནས་སུ་འགོག་དབྱེ་ཟུར་འཇོག་གི་ཁང་པའི་གྲ་སྒྲིག དེ་བཞིན་བརྟག་དཔྱད་ཡོ་བྱད་གྲ་སྒྲིག་གནང་རྒྱུར་ཁྱད་ཕན་འདུག དེ་ནས་ཉེ་ཆར་ཟླ་ ༨ ཚེས་ ༡༠ ཉིན་ཀངྒ་རྫོང་དཔོན་གྱིས་གསལ་བསྒྲགས་སྤེལ་བའི་ནང་ལ་དྭགས་གཙོས་ཉེན་ཚབས་ཆེ་བའི་ས་གནས་ནས་ཕེབས་མཁན་རྣམས་ཡིན་ཅིག་ཉིན་གྲངས་༡༤ རིང་ཚོགས་སྡེའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་དགོས་ཀྱི་ཡོད་པའི་ལམ་སྟོན་གནང་ཡོད། ཡང་མང་ཚོགས་ནང་ཨུ་རུ་སུ་ནས་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་བཟོས་ཡོད་པ་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་གསལ་བསྒྲགས་གནང་ཡོད་ཀྱང་དོན་དངོས་སྔོན་འགོག་སྨན་ཁབ་དེས་སྔོན་འགོག་ཐུབ་ཀྱི་ཡོད་པ་ད་ལྟ་ཁུངས་སྐྱེལ་ར་འཕྲོད་གང་ཡང་མེད། གལ་ཏེ་དེ་ལྟར་ཁུངས་སྐྱེལ་ཐུབ་པ་འབྱུང་ན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཨུ་རུ་སུར་འབྲེལ་བ་བྱེད་བཞིན་འདུག་ལ་སྔོན་འགོག་ཁབ་དེས་དངོས་སུ་ནད་འགོག་ཐུབ་ཚེ་རིམ་པས་མང་ཚོགས་ནང་དུ་འགྲེམས་སྤེལ་བྱ་རྒྱུ་ཡིན་པས་མི་མང་ནས་དེའི་ཐོག་སེམས་ཚབ་མ་གནང་དགོས་པར་སྔོན་འགོག་ཚུལ་དུ་ང་རང་ཚོས་ད་ལྟ་གང་བྱེད་ཐུབ་ཡས་ཡོད་རེད་ཅེས་བརྗོད་ན་ནད་ཡམས་འདི་སྔོན་འགོག་གི་ཐབས་ལམ་སྟེ་ཁ་རས་གྱོན་རྒྱུ། ལག་པ་ཡང་སེ་འཁྲུ་རྒྱུ། མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ། ཁ་དང་མིག་སྣ་བཅས་ལ་ལག་པ་མ་འཆང་ཡས་དེ་ཚོ་ཡིན་པས་མི་མང་ནས་དེ་ཚོ་མུ་མཐུད་ནས་གནང་རོགས་ཅེས་འབོད་སྐུལ་ཞུས། དེ་དང་འབྲེལ་ད་ཆ་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་ཁུལ་གཉིས་ཉེན་ཚབས་ཆེ་ནང་འདུག དེ་ཡང་པོན་ཌོ་གཞིས་ཆགས་ཀྱི་ཉེ་འགྲམ་སམ་སྦལ་ཞེས་པའི་གྲོང་ཚོ་དེ་དང་། དེ་བཞིན་ཅོན་ཏ་ར་ཉེ་འགྲམ་རྒྱ་གར་གྲོང་གསེབ་ཌ་ཀོཊ་དང་ཀོ་ར་ཞེས་གཉིས་འདུག་པ་དེ་ཚོ་རྒྱ་གར་གཞུང་གི་དྲ་རྒྱའི་ནང་ཉེན་ཚབས་ཆེ་བའི་ས་ཁུལ་ཆགས་ཀྱི་འདུག་པས་དེའི་ཉེ་འགྲམ་གྱི་མི་མང་ནས་གཟབ་གཟབ་གནང་དགོས་པ་གསུངས། དེ་ནས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་མཉམ་འབྲེལ་ཐོག་ད་བར་རྡ་ས་ཁུལ་དུ་མི་གྲངས་༡༥༡ ལ་གཉན་རིམས་འདིའི་གཉན་སྲིན་ནམ་ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་མཆིལ་མའི་རྡུལ་ཕྲན་བསྡུས་ལེན་གནང་ཟིན་ཞིང་དེའི་ནང་ནས་མི་གཅིག་ལ་ནད་གཞི་ཕོག་པ་བྱུང་ཡོད་ཀྱང་ད་ཆ་ཁོ་རང་དྲག་སྐྱེད་སོང་ནས་རང་ཁྱིམ་ཕྱིར་ལོག་ཟིན་པའི་གནས་སྟངས་ཞུས་གནང་བ་བཅས་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ཐེངས་༢༠ དེ་མཇུག་སྒྲིལ་ཡོད་པ་བཅས། །