ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ རེས་གཟའ་སྤེན་པ་ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ད་བར་མི་ལོ་ ༧༤ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག སྲི་ཞུ་བ་དྲུང་འཕར་ཡན་གྱི་ལས་བྱེད་བཅས་ཚང་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༧༤ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་སྦྲགས། རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་གསུང་དོན། དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་གར་གཞུང་མང་གཉིས་ནས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཙན་བྱོལ་བོད་མི་རྣམས་ལ་གཟིགས་རྟོགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་གར་གྱི་དཔལ་འབྱོར་དང་། ཆབ་སྲིད་སོགས་གང་ཅིའི་ཐད་ཡར་རྒྱས་ཡོང་བ་དང་། མང་ཚོགས་ཀྱི་དཀའ་སྡུག་རྣམས་སེལ་ནས་ཡུལ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ཉེ་ཆར་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་དབར་རྩོད་རྙོག་བྱུང་བའི་སྐབས་རྒྱ་གར་རྒྱལ་ཡོངས་ནང་བོད་འདི་ཇི་ཙམ་གལ་ཆེན་པོ་ཡིན་པ་གོ་རྟོགས་གང་ཙམ་བྱུང་བར་བརྟེན་རང་བཞིན་གྱིས་ཚོར་བ་དང་བརྩེ་བ། རྒྱབ་སྐྱོར་ཡིན་ནའང་སྔར་ལྷག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དེ་སྔ་ཡིན་ན་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་རྩ་བ་ཉིད་ནས་མེད། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ས་མཚམས་ཀྱིས་གཙོས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་རྒྱ་གར་ལ་ཆབ་སྲིད་ཐོག་ནས་གནས་ཚུལ་རང་བཞིན་གྱིས་ཆགས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་ཆགས་འདུག
དེར་བརྟེན་རྒྱ་གར་མི་མང་ཡོངས་ལ་ལོ་རྒྱུས་ཐོག་ནས་འཕགས་བོད་གཉིས་ཀྱི་ས་མཚམས་ཡིན་པ་དང་། ད་ལྟ་བོད་ནི་རྒྱ་ནག་གཞུང་གིས་བཙན་བཟུང་འོག་བོད་ནང་གི་བོད་མི་རྣམས་རྒྱ་ནག་གཞུང་གི་སྡུག་རྩུབ་འོག་གནས་བཞིན་ཡོད་པ་མཁྱེན་པ་གནང་རོགས། ད་བར་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་བྱུང་། ད་དུང་ཡིན་ནའང་མུ་མཐུད་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་གྲུབ་མཚམས་བཀའ་ཤག་གི་མཇལ་འཕྲད་ཁང་ནང་རྟེན་འབྲེལ་གསོལ་ཇ་དང་མངར་ཟས་བཤམས་ཏེ་མཛད་སྒོ་གྲོལ།
དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་སྐོར་སྲུང་ཉེན་རྟོག་པའི་རྩེད་ཐང་དུ་རྒྱ་གར་རང་བཙན་ཉིན་མོའི་དུས་ཆེན་མཛད་སྒོར་ཀངྒ་ར་རྫོང་ལས་ཁུངས་ཀྱིས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་གོ་བོ་བློ་བཟང་ཕན་བདེ་ལགས་དང་ངག་དབང་ཐར་པ་ལགས། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། རྡ་ས་ས་གནས་འགོ་འཛིན་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོ