ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་ཨིན་ཡུལ་གྲོང་ཁྱེར་སྦིར་ས་ཊོལ་ Bristol དུ་ཡོད་པའི་བོད་མི་བསྟན་འཛིན་བཟང་མོ་ལགས་ཀྱིས་སྣེ་ཁྲིད་འོག བསོད་ནམས་ཚེ་རིང་ལགས་དང་། བཀྲ་ཤིས་དོན་གྲུབ་ལགས། བསྟན་འཛིན་ཕུན་ཚོགས་ལགས་བཅས་ཀྱིས་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་གནང་བ་དང་། གོམ་བགྲོད་འདི་བཞིན་སྦིར་ས་ཊོལ་ཡོད་པའི་ Colston Statue ནས་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌན་བར་ཡིན་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོར་ཨིན་ཡུལ་ Labour Party སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ Hon Kerry McCarthy MP མཆོག་དང་བོད་ཀྱི་གྲོགས་པོ། བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ས་གནས་བོད་མི་བཅས་མཉམ་འཛོམས་གནང་ཡོད།
སྐབས་དེར་བསྟན་འཛིན་བཟང་མོ་ལགས་ཀྱིས་གསུང་དོན། ད་རས་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི། བོད་དོན་གོ་རྟོགས་ཀྱིས་གཙོས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་དང་ཤིན་ཅང་། ཧོང་ཀོང་སོགས་ལ་སྡུག་སྦྱོང་ཚད་མེད་སྤྲད་དང་སྤྲོད་བཞིན་ཡོད་པའི་དཀའ་ངལ་དང་། གཞན་ཡང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་དག་རྒྱལ་སྤྱིའི་ཁྲོད་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དང་། ཕྱོགས་མཚུངས་ཨིན་ཡུལ་གཞུང་མང་གཉིས་ཙམ་མ་ཟད། རྒྱལ་སྤྱི་ཡོངས་ནས་ཛ་དྲག་གི་གནད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་སླད་ལས་འགུལ་འདི་བཞིན་སྤེལ་བ་ཞིག་ཡིན། ཞེས་གསུངས།
དེ་ནས་ལྕམ་སྐུ་ཀེ་རི་མེ་ཁར་ཐི་མཆོག་གིས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་བོད་མིའི་དཀའ་ངལ་རྣམས་མཚོན་བྱེད་རྒྱལ་སྤྱིའི་ཁྲོད་གོ་རྟོགས་ཀྱི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་དང་སྤེལ་བཞིན་པར་ངས་ཡི་རངས་བསྔགས་བརྗོད་དང་སྦྲགས། ཕྲན་རང་ཉིད་འདིར་བཅར་དགོས་དོན་ནི་བོད་དོན་སླད་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཡོད་པ་སྟོན་གྱི་ཡོད། ཅེས་དང་། གཞན་ཡང་ད་ཆ་རྒྱ་ནག་ནི་རྒྱལ་ཁབ་ཁག་མང་པོ་ཞིག་དང་ལྷན་དུ་རྙོག་གླེང་འགྲོ་བཞིན་ཡོད་པ་དང་བསྟུན། ང་ཚོས་ཀྱང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཁ་གཏད་ཀྱི་རྣམ་པ་ཤུགས་ཆེ་སྟོན་དགོས། ཅེས་གསུངས།
མཐར་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་ཁོང་རྣམ་པས་བོད་དོན་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་གནང་ཡོད། གོམ་བགྲོད་པ་རྣམས་ཕྱི་ཚེས་ ༡༠ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌན་དུ་འབྱོར་རྒྱུ་ཡིན་འདུག་པ་བཅས། །