ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བདམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥༨ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། བདམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས། སྐུ་མགྲོན་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། བདམས་ཐོན་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ཀྱང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྟེན་འབྱུང་མཇལ་དར་དང་རྟེན་འབྲེལ་མཚོན་བྱེད་སྒྲོན་འབུལ་གནང་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད།
དེ་ནས་མཛད་གཙོ་རྣམ་པ་དང་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་དང་། རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་འོས་བསྡུའི་འགན་འཛིན་ལས་འཕར་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་རྗེས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འོས་བསྡུ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ལས་ཁང་གི་ལས་བྱེད་རྣམས་ངོ་སྤྲོད་གནང་རྗེས་འཚམས་འདྲི་དང་སྦྲགས་རྣམ་པ་གཉིས་ལ་མཇལ་དར་སྒྲོན་པ་དང་། རྟེན་འབྲེལ་མཚོད་བྱེད་གསོལ་ཇ་དང་འབྲས་སིལ་ཕུལ་རྗེས་དངོས་སུ་ལས་བཅར་ཞུས་ཡོད་པ་བཅས། །