ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་གི་སྲིད་བློན་དུས་ཡུན་རིང་ཤོས་གནང་མཁན་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་ནད་མནར་གྱི་དབང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྲིད་བློན་མཆོག་གི་སྨན་བཅོས་ལེགས་གྲུབ་དང་ནད་གཞི་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ལྷག་པར་སྐུ་ཉིད་ཀྱིས་དབུ་འཁྲིད་གནང་བའི་རིང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བོད་ཀྱི་གནད་དོན་གསལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
དེ་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་སྐབས་ནས་བཟུང་བོད་དང་ཉི་ཧོང་དབར་ནང་ཆོས་ཀྱི་འབྲེལ་ལམ་དབུ་ཚུགས་ཤིང་། སྤྱི་ནོར་༧གོས་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་ ༡༩༦༧ ལོར་ཉི་ཧོང་ནང་ཐེངས་དང་པོ་ཆིབས་སྒྱུར་བསྐྱངས་པ་དང་། དེ་ནས་བཟུང་མགོན་པོ་གང་ཉིད་མཆོག་ཉི་ཧོང་ནང་ཐེངས་འགའ་ཆིབས་སྒྱུར་བསྐྱངས་སྟབས། ཉི་ཧོང་མང་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ལ་དོ་སྣང་ཤུགས་ཆེ་རུ་སླེབས་ཡོད།
ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་ཉི་ཧོང་གིས་བོད་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སླར་གསོ་ཡོང་སླད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད་པ་མ་ཟད། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་སྤྱི་ནོར་༧གོས་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་ཆེད་རྒྱབ་སྐྱོར་གནང་ཡོད།
ཤིན་ཛོ་ཨ་བྷེ་མཆོག་ཉི་ཧོང་མང་གཙོ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཡིན་པའི་སྐབས། ཁོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཆེད་ཐུགས་ཁུར་ཆེ་བཞེས་གནང་ཞིང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་འཛམ་གླིང་ནང་གྲོས་ཚོགས་འཐུས་མི་ ༩༣ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན།
དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༢ དང་། ༢༠༡༦། ༢༠༡༧། ༢༠༡༨། ༢༠༡༩ བཅས་བསྟུད་མར་ཉི་ཧོང་ནང་འཚམས་གཟིགས་སུ་ཕེབས་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཐུག་འཕྲད་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་ཧོང་གི་གྲོས་ཚོགས་ཁང་དུ་ཕེབས་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞི་འོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དད་དང་། ཤེས་ཡོན། རིག་གཞུང་། སྐད་ཡིག་སོགས་ཀྱི་རང་དབང་ལ་དྲག་གནོན་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་པོ་གནང་ཡོད།།