ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྲྭ་ལམ་ཐད་གཏོང་བརྒྱུད་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་ལྷན་དུ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཐེངས་འདིའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་བརྒྱ་ཆ་དགུ་བཅུ་ཡན་ལོན་མཁན་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པ་རྣམས་ལ་སྲིད་སྐྱོང་སློབ་ཡོན་གནང་བཞིན་ཡོད་པ་ལྟར། སྔ་ལོར་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་རྣམས་ལའང་སྲིད་སྐྱོང་སློབ་ཡོན་གནང་རྒྱུ་འགོ་བཙུགས་ཡོད། འོན་ཀྱང་འདི་ལོར་འཛིན་རིམ་བཅུ་པ་འཐོན་མཁན་ཁོངས་བརྒྱ་ཆ་ ༩༥ ལོན་མཁན་བྱུང་མི་འདུག རྣམ་པ་ཚོ་སེམས་ཤུགས་འཆག་རྒྱུ་མེད། ད་དུང་ཡིན་ནའང་མུ་མཐུད་ཡིག་རྒྱུགས་མང་པོ་གཏོང་དགོས་པ་མ་ཟད། གོ་སྐབས་ཀྱང་མང་པོ་ཡོད།
འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སློབ་ཚན་གང་བདམས་པ་དེས་མི་ཚེའི་མདུན་ལམ་གཏན་འཁེལ་གྱི་ཡོད་པ་རེད། དེར་བརྟེན་སོ་སོ་རང་ཉིད་སློབ་ཚན་གང་ལ་དོ་དབྱིངས་ཡོད་པ་དེ་ངེས་པར་དུ་ལེན་དགོས།
དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་བྱུང་བར་བརྟེན། འཕྲོད་བསྟེན་ཐོག་སྔར་ལྷག་དོ་སྣང་ཤུགས་ཆེ་སླེབས་ཡོད། མ་འོངས་པར་འཕྲོད་བསྟེན་དང་འབྲེལ་བའི་ལས་ཀ་མང་པོ་ཆགས་ངེས་རེད། རྣམ་པ་ཚོས་འཛམ་གླིང་འགྱུར་འགྲོས་དང་བསྟུན་ནས་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་ག་དུས་ཡིན་ནའང་སོ་སོའི་གནས་སྟངས་ངོ་འཕྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་མི་རབས་རྒན་པ་རྣམས་ཀྱི་ཤེས་ཡོན་གྱི་གོ་སྐབས་དང་། ད་ལྟའི་གནས་སྟངས་བཅས་བསྡུར་བ་ཡིན་ན། ད་ལྟའི་ཆར་ཕྱིའི་མཐུན་རྐྱེན་སོགས་གང་ཅིའི་ཐད་བཟང་དུ་ཕྱིན་ཡོད།
རྣམ་པ་ཚོའི་ཕ་མ་རྣམས་ལའང་ཤེས་ཡོན་གྱི་གནས་ཚད་གང་འཚམ་ཡོད་པ་མ་ཟད་སློབ་གྲྭར་བསྐྱོད་མྱོང་མཁན་ཤ་སྟག་རེད་དྲན་གྱི་འདུག རྣམ་པ་ཚོར་ཁོར་ཡུག་དང་ཆ་རྐྱེན་སོགས་གང་ཅིའི་ཐད་ཤེས་ཡོན་གྱི་གོ་སྐབས་བཟང་བ་ཐོབ་ཡོད་རེད་དྲན་གྱི་འདུག དེར་བརྟེན་དེ་དག་ཚང་མ་སྙིང་ལ་བཅངས་ནས་ང་ཚོ་ནི་བསོད་ནམས་ཆེན་པོ་ཡིན་པ་དང་། གོ་སྐབས་བཟང་པོ་ཐོབ་འདུག་སྙམ་པའི་ངོས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ལྟར་གནང་ཐུབ་པ་ཡིན་ན། སོ་སོའི་སེམས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ངང་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་པ་དང་། དེ་བཞིན་སོ་སོའི་ཕ་མ་དང་། སློབ་གྲྭ བོད་མིའི་སྒྲིག་འཛུགས། མི་རབས་རྒན་པ་རྣམས་བཀའ་དྲིན་ཆེན་པོ་ཇི་ཙམ་ཡིན་པ་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །