ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཡི་ཀི་པོམ་པེའོ་ Mike Pompeo མཆོག་གིས་རི་ཆར་ཌི་ནི་སན་དཔེ་མཛོད་དང་འགྲེམས་སྟོན་ཁང་ Richard Nixon Library & Museum དུ་གསུང་བཤད་གནང་སྐབས་རང་དབང་ལྡན་པའི་རྒྱལ་ཁབ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་བ་དང་བསྟུན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་ཨ་རིའི་ནང་གི་སྔ་དྲོ་ཆུ་ཚོད་ ༧ ནས་ ༨།༣༠ དང་། རྒྱ་གར་ནང་གི་དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ ༩ བར་ཨིན་ཡུལ་སྐུ་ཚབ་དོན་གཅོད་བསོད་ནམས་ཕར་སི་ལགས་ཀྱིས་གོ་སྒྲིག་གནང་སྟེ། ཨ་རིས་རང་དབང་ལྡན་པའི་རྒྱལ་ཁབ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་བར། དབྱེ་ཞིབ་དང་བོད་ལ་རེ་བ་ USA calls Free Nations to change Chinese Communist Party: Analysis and Prospects for Tibet ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་བསྐོང་ཚོགས་གནང་ཡོད་པ་དང་།
བགྲོ་གླེང་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཨ་རིའི་སན་ཧྥི་རན་སི་སི་ཀོའི་གྲོང་ཁྱེར་གནང་རྟེན་གཞི་བྱས་པའི་གོལ་ཌན་གེ་ཌི་མཐོ་སློབ་ཁང་ Golden Gate University གི་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོག་ཆེད་མཁས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་སློབ་སྟོན་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊི་ Dr. Michael van Walt མཆོག་དང་། ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ནང་སྲིད་བློན་ཆེན་ཟུར་པ་ནོར་མན་ཇོན་བྷེ་ཀར་ Norman John Baker མཆོག་བཅས་ནས་གསུང་བཤད་གནང་ཡོད།
དེ་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་མཁན་ཡོངས་ལ་ཕེབས་བསུ་དང་སྦྲགས་ཕྱི་ལོ་ ༡༩༧༠ ནས་ ༡༩༧༡ བར་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནི་སན་ Richard Nixon མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧན་རེ་ Henry Kissinger སྐབས་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་། ད་ལྟའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རམ་ཕི་ Donald Trump མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མ་ཡི་ཀི་པོམ་པེའོ་མཆོག་གིས་རང་དབང་ལྡན་པའི་རྒྱལ་ཁབ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པ་བསྒྱུར་བཅོས་གཏོང་དགོས་པའི་འབོད་སྐུལ་གནང་བ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོང་གི་བརྗོད་གཞི་དང་འབྲེལ་ནས་གསུང་དོན། དེང་རབས་འབྲེལ་ལམ་ཞིབ་འཇུག་བསྟི་གནས་ཁང་ Institute of contemporary relations གིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་སྤེལ་མཁན་རྣམས་ལ་དྲག་གནོན་བྱས་པ་ནས་བཟུང་ད་ལྟ་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཚད་མཐོ་ཤོས་སུ་སླེབས་ཡོད་པའི་གནས་ཚུལ་བཏོན་འདུག་ཅེས་དང་། འཛམ་གླིང་རྒྱལ་ཁབ་ ༡༣༠ ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སྐོར་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
རྒྱ་ནག་ནི་འཛམ་གླིང་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞལ་འདེབས་སྤྲོད་མཁན་ཨང་གཉིས་པ་དེ་ཆགས་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེན་ཊོ་ནིའོ་གུ་ཊར་རེ་སི་ Mr Antonio Guterres མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ལིག་འུ་ཀྲིན་མིན་ Liu Zhenmin རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལྷན་ཁང་གི་སྤྱི་ཁྱབ་དྲུང་ལས་སུ་བསྐོ་གཞག་གནང་ཡོད།
དེ་བཞིན་རྒྱ་ནག་གི་སོ་ནམ་བློན་ཆེན་ཟུར་པ་ཞིག་གིས་རྒྱལ་ཚོགས་ཀྱི་བཟའ་ཆས་དང་སོ་ནམ་ལྷན་ཁང་གི་འགོ་ཁྲིད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཟླ་ ༣ ཚེས་ ༣༡ བར་རྒྱ་རིགས་ཇང་དུན་ Mr Jiang Duan ཟེར་བ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལམ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག་བྱས་ཡོད་པ་སོགས་རྒྱ་རིགས་མང་པོ་རྒྱལ་ཚོགས་ཀྱི་ལྷན་ཁང་ཁག་གི་གནད་ཡོད་མི་སྣར་བསྐོ་གཞག་གནང་བཞིན་ཡོད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་གོ་སྐབས་ཡོད་པ་ནང་བཞིན་གདོང་ལེན་བྱེད་དགོས་པ་མང་དག་ཅིག་ཀྱང་ཡོད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་བྱེད་སྟངས་དང་། བོད་དང་། ཡུ་གུར། ཧོང་ཀོང་སོགས་ལ་དྲག་གནོན་བྱེད་བཞིན་པ་སོགས་ལ་བརྟེན་ནས་ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་གོ་སྐབས་དམ་འཛིན་གནང་སྟེ་བོད་དོན་ལས་འགུལ་སྔར་ལས་ལྷག་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོག་ཆེད་མཁས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་སློབ་སྟོན་པ་སློབ་དཔོན་མེ་ཀལ་ཝན་ཝལ་ཊི་ Dr. Michael van Walt མཆོག་གིས་གསུང་དོན། རྒྱ་ནག་གིས་འདས་པའི་ལོ་ངོ་ ༧༠ རིང་དྲིལ་བསྒྲགས་སྤེལ་སྟབས་མི་མང་གིས་རྒྱ་ནག་གི་བོད་དབང་སྒྱུར་སྐབས་ཀྱི་བོད་ཀྱི་གནས་བབ་ལ་ལྟ་སྟངས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། མི་མང་ཚུད་པའི་ཕྱི་རྒྱལ་བློན་ཆེན་རྣམ་པ་དང་གསར་འགོད་པ་སོགས་ཀྱིས་བོད་ནི་གནའ་སྔ་མོ་རྒྱ་ནག་གོང་མའི་སྐབས་ནས་རྒྱ་ནག་གི་ཆ་ཤེས་ཡིན་པ་བསམ་གྱི་ཡོད། དོན་དངོས་སུ་བོད་ནི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད། རྒྱ་ནག་སོག་པའི་མངའ་འོག་ཏུ་ཡོད་པའི་སྐབས་སུ་བོད་ནི་རྒྱ་ནག་གི་མངའ་ཁོངས་སུ་ཆགས་མྱོང་མེད་ལ། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་སྐབས་སུའང་བོད་ནི་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད།
མན་ཇུ་གོང་མས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་དང་མཆོད་ཡོན་གྱི་འབྲེལ་བ་བཞག་པ་ཙམ་ལས་བོད་རྒྱ་ནག་གི་མངའ་ཁོངས་སུ་བསྡད་མྱོང་མེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འདས་པའི་ལོ་ངོ་ ༧༠ རིང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་བྱུས་དེ་དག་ད་ཆ་ཧོང་ཀོང་དང་ཡུ་གུར་ནང་ལག་བསྟར་བྱེད་བཞིན་ཡོད་པ་ང་ཚོས་མིག་གིས་མཐོང་བཞིན་ཡོད། རྒྱ་ནག་གཞུང་ལ་བརྡ་ལམ་གསལ་པོ་སྤྲོད་སྟངས་གཅིག་ནི། རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱེད་བཞིན་པ་ཁྲིམས་མཐུན་ཡིན་མིན་ཐད་དྲི་བ་འདོན་རྒྱུ་དེ་རེད། ཅེས་གསུངས།
དེ་ནས་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ནང་སྲིད་བློན་ཆེན་ཟུར་པ་ནོར་མན་ཇོན་བྷེ་ཀར་ Norman John Baker མཆོག་གིས་གསུང་དོན། དང་པོ། ཨ་རི་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་ཨུ་རུ་སུའི་གཞུང་གི་ལས་བྱེད་ཁག་གཅིག་ལ་ Magnitsky Act བཀའ་ཆད་ཀྱི་ཁྲིམས་གཏན་འབེབས་གནང་བ་ལྟར། རྒྱ་ནག་གཞུང་གི་ལས་བྱེད་ཁག་གཅིག་གིས་དྲག་གནོན་བྱེད་བཞིན་པ་དེ་དག་ལ་ང་ཚོས་ཀྱང་བཀའ་ཆད་གཏང་དགོས། གཉིས་པ། ཨ་རི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་ཡོད་པ་བཞིན། ཨིན་ཡུལ་གཞུང་གིས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་དགོས། གསུམ་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་འགྱུར་ཡང་སྲིད་ཀྱི་གནད་དོན་ཐད་ང་ཚོས་གསལ་པོ་བཟོ་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་རྫུན་མ་ངོས་འཛིན་བྱས་པ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་འགྱུར་ཡང་སྲིད་རྫུན་མ་ངོས་འཛིན་བྱས་ན། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཨིན་ཡུལ་གཞུང་གིས་དེ་ལ་ངོས་འཛིན་རྩ་བ་ཉིད་ནས་གནང་གི་མ་རེད། ཅེས་དང་།
ཨིན་ཡུལ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་གཞུང་དང་ལྷན་ཆིངས་ཡིག་བཞག་གནང་ཡོད་པ་ལས་རྒྱ་ནག་གཞུང་དང་ལྷན་ཆིངས་ཡིག་བཞག་མེད། དེ་བཞིན་ཨིན་ཡུལ་གཞུང་གིས་བོད་གཞུང་གི་སྐུ་ཚབ་དང་ལྷན་༡༩༡༤ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད་པ་ལས་རྒྱ་ནག་གི་སྐུ་ཚབ་ལྷན་དུ་ཆིངས་ཡིག་བཞག་མེད། ང་ཚོས་བོད་རང་དབང་ལྡན་པའི་གཞུང་མཐོང་མྱོང་ཡོད་པ་མ་ཟད། བོད་ཀྱི་ཤོག་དངུལ་དང་དམ་ཕྲུག་སོགས་མཐོང་མྱོང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་ཡང་གནང་ཡོད་པ་བཅས།།