ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་སོགས་ཀྱི་སྐོར་གསུང་དོན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་གཟིགས་མཁན་ཡོངས་ལ་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་དང་འབྲེལ། ད་རེས་བོད་པའི་སྤྱི་ཚོགས་སམ་འཛམ་གླིང་སྤྱི་ཡོངས་ནང་ལ་ཆབ་སྲིད་ཀྱི་གནས་སྟངས་སྤྱི་ཡོངས་ནས་འགྱུར་ལྡོག་ཆེན་པོ་ཇི་ལྟར་འགྲོ་བཞིན་པའི་སྐོར་དང་། བོད་དང་འབྲེལ་བ་ག་འདྲ་ཡོད་མེད་སྐོར་ལ་ཞུ་ན་བསམ་སོང་། སྤྱི་ཡོངས་ནས་ད་ལན་ནད་ཡམས་འདི་བཞིན་འཛམ་གླིང་ནང་འགྱུར་ལྡོག་ཆེ་ཤོས་འགྲོ་ངེས་ཀྱི་གནད་དོན་ཆེན་པོ་རྩི་ཡི་ཡོད། དཔེར་ན། ལོ་རྒྱུས་ནང་ཕར་ལྟ་ཡོང་དུས། ནད་ཡམས་དེ་ལུང་པ་ཉིས་བརྒྱ་མིན་ཙམ་ལ་ཁྱབ་བརྡལ་གྱིས་དཔལ་འབྱོར་གྱི་ཐོག་ནས་ཉམས་རྒུད་དང་། འཛམ་གླིང་ནང་ལྟ་གྲུབ་ཀྱིས་གཙོས་ཆབ་སྲིད་དང་། རྩ་དོན་ལ་སོགས་ཀྱི་ཐོག་ནས་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད། དེར་བརྟེན་འཛམ་གླིང་གི་འཐབ་བྱུས་སམ་ཆབ་སྲིད་ཐད་འགྱུར་བ་ཆེན་པོ་འགྲོ་གི་རེད། རྒྱ་ནག་ཕྱོགས་གཅིག་དང་དེར་རྒྱབ་སྐྱོར་བྱེད་མཁན་དང་། ཕྱོགས་མཚུངས་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཕྱོགས་གཅིག་བྱས་ནས་གདོང་ཐུག་གི་རེད། ཅེས་བཤད་ཀྱི་ཡོད།
རྒྱལ་རབས་ནང་གསལ་ལྟར། ཕྱི་ལོ་ ༡༦༤༨ ལོར་ཡུ་རོབ་ཀྱི་གྲོང་ཁྱེར་ཞིག་གི་ནང་ Westphalia Treaty ཞེས་པ་ཆིངས་ཡིག་སྐད་གྲགས་ཆེན་པོ་ཞིག་བཞག་པ་རེད། ཆིངས་ཡིག་དེ་བཞིན་ཡུ་རོབ་ནང་ཁུལ་ལ་ལོ་ ༣༠ ཡི་དམག་མཚམས་འཇོག་བྱས་པ་རེད། བཤད་སྲོལ་ལྟར་ན། དེ་སྔོན་ཡུ་རོབ་ནང་མི་ས་ཡ་བཅུ་ཉི་ཤུ་ལྷག་ཙམ་འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བ་རེད། སྐབས་དེ་དུས་ཀྱི་གནད་དོན་གཙོ་བོ་ནི་ Roman Empire སྐབས་དེར་ Catholic ཆོས་བྱེད་མཁན་དང་། ཕྱིས་སུ་ protestant ཆོས་ལུགས་གསར་པ་སླེབས་ཏེ་དེ་གཉིས་དབར་གདོང་ཐུག་སྟེ་མཐར་རྒྱལ་པོ་དང་ལུང་པ། ཆོས་ལུགས་ཕན་ཚུན་དབར་ནང་འཁྲུག་རྐྱེན་པས་མི་མང་པོ་ཞིག་འདས་གྲོངས་སུ་འགྱུར་བ་ཙམ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་ཉམས་རྒུད་ཆེན་པོ་ཕྱིན་ཡོད། ཕྱི་ལོ་ ༡༦༤༨ ལོར་ Westphalia Treaty ཞེས་པའི་ཆིངས་ཡིག་བཞག་པའི་རྗེས་སུ་ཡུ་རོབ་ནང་ཁུལ་འཁྲུག་རྩོད་མ་བརྒྱག་པར་ནང་གི་ནུས་པ་དེ་ཕྱི་ལ་བཏོན་ཡོད།
གཞི་རྩའི་མི་སེར་སྤེལ་ཡུལ་ལམ་ལུགས་དེ་བཞིན་དུས་རབས་བཅོ་ལྔ་ནས་འགོ་འཛུགས་གནང་ཡོད་ཀྱང་། དུས་རབས་ ༡༧ དང་དམིགས་བསལ་དུས་རབས་བཅོ་བརྒྱད་ནང་དར་འཕེལ་ཤུགས་ཆེ་ཕྱིན་ནས་མཐར་འཛམ་གླིང་ཁྱོན་ཡོངས་ལ་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་ཀྱི་དབང་བསྒྱུར་བྱེད་ཡོད། ཆིག་སྟོང་བརྒྱད་བརྒྱ་སྐབས་སུ་འཛམ་གླིང་གི་རྒྱལ་ཁབ་ས་ཆ་བརྒྱ་ཆ་ ༣༤ ལ་ཡུ་རོབ་ཀྱི་མི་སེར་སྤེལ་ཡུལ་ལམ་ལུགས་ནང་ཚུད་ཡོད། ཕྱི་ལོ་ ༡༩༡༤ ཙམ་ལ་འཛམ་གླིང་གི་ས་ཆ་བརྒྱ་ཆ་ ༨༥ ཡུ་རོབ་ཀྱི་དབང་བསྒྱུར་བྱས་པར་བརྟེན་གཞི་རྩའི་རྒྱལ་ཁབ་དེའི་ནང་དེ་སྔོན་ནང་འཁྲུག་གིས་རྐྱེན་པས་མི་གྲངས་ས་ཡ་མང་པོ་འདས་གྲོངས་སུ་གྱུར་ཡོད་ཀྱང་། མཐར་ཡུ་རོབ་ནང་ཁུལ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་སྐབས་འཛམ་གླིང་ཡོངས་ཀྱི་ས་ཆ་ ༨༨ དབང་བསྒྱུར་བྱེད་ཐུབ་པའི་གནས་སྟངས་ཞིག་ཏུ་འགྱུར་ཡོད།
དེ་ནས་དམག་ཆེན་དང་པོ་དང་རིམ་བཞིན་དམག་ཆེན་གཉིས་པ། ཡུ་རོབ་ནང་དམག་འཁྲུག་ཤུགས་ཆེ་ཤོར་ཏེ་ཚང་མས་མཁྱེན་གསལ་ལྟར་མི་ས་ཡ་མང་པོ་མི་གསོད་འཕྲོག་བཅོམ་བྱས་ཡོད་པ་མ་ཟད། ཡུ་རོབ་ནང་དམག་འཁྲུག་བརྒྱབ་སྟེ་ས་གནས་སུ་ཡོད་པའི་ཁང་པ་ཡར་བསླངས་པ་རྣམས་ལ་འབར་མདེལ་ཧ་ཅང་མང་པོ་ཞུས་པར་བརྟེན་ཁང་པ་དེ་དག་རྩ་མེད་བཏང་རྗེས་ཧ་ལས་པའི་ཉམས་རྒུད་ཆེན་པོ་ཕྱིན་ཡོད། ཕྱི་ལོ་ ༡༦༤༨ ལོར་Westphalia Treaty ཞེས་པའི་ཆིངས་ཡིག་ནི་འཛམ་གླིང་ནང་ལོ་རྒྱུས་ལྡན་པ་ཞིག་དང་། དམག་ཆེན་དང་པོ་དང་གཉིས་པའི་རྗེས་སུ་ཞི་བདེའི་ཆིངས་ཡིག་བཞག་རྗེས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་དང་། འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་ཚོགས་པ་ཁག་གསར་བཙུགས་གནང་སྟེ་གོང་དུ་དམག་ཆེན་བྱུང་བ་རྣམས་མཚམས་འཇོག་གནང་གྲུབ་བསྟུན་སླར་ཡང་འཛམ་གླིང་སྒང་ཞི་བདེའི་གནས་སྟངས་ཤིག་ཆགས་ཡོད། དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཡུ་རོབ་ནང་ཁུལ་འཁྲུག་རྩོད་དང་། དེ་བཞིན་ཡུ་རོབ་ཀྱིས་ཕ་རན་སི་དང་འཇར་མར་དབར་གསོད་རེས་བཏང་སྟེ་མཐར་འཆམ་མཐུན་གྱིས་ཡུ་རོབ་མཐུན་ཚོགས་གསར་བཙུགས་གནང་རྗེས་རྒྱལ་ཁབ་ཕན་ཚུན་དབར་དངུལ་གྱིས་གཙོས་ལུང་པའི་ཕྱི་སྲིད་དང་། ཆབ་སྲིད། སྲིད་བྱུས་སོགས་ལ་ལངས་ཕྱོགས་གཅིག་མཚུངས་ལྟར་ཆགས་ཡོད་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་རླབས་ཆེན་གྱི་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་མཛད་བཞིན་ཡོད།
དེས་གང་སྟོན་གྱི་ཡོད་དམ་ཞེ་ན། རྒྱལ་ཁབ་ནང་ཁུལ་འཁྲུག་རྩོད་མི་བརྒྱག་པར་རྡོག་རྩ་གཅིག་ཏུ་སྒྲིལ་ཡོང་དུས་ཡུ་རོབ་མཐུན་ཚོགས་ནང་བཞིན་འཛམ་གླིང་སྟེང་ཁྲོམ་རྭ་ཆེ་ཤོས་ཤིག་དང་། དཔལ་འབྱོར་ཕྱུག་ཤོས་ཀྱི་གནས་སྟངས་ཆགས་ཐུབ། ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཨོ་ས་མ་བིན་ལ་དེན་གྱིས་གཙོས་པའི་འཇིགས་སྐུལ་རིང་ལུགས་པ་རྣམས་ཀྱིས་ཨ་རི་རྒྱལ་ས་ནིའུ་ཡོག་ཏུ་ཡོད་པའི་ཁང་ཐོག་གཉིས་གཏོར་ནས་རྗེས་སུ་འཛམ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཐོག་འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་འདུག་བཤད་པར་བརྟེན་རྒྱལ་ཁབ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ཏེ་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་བྱེད་དགོས་སྐོར་ཐད་གྲོས་བསྡུར་གྱིས་རྩ་མེད་བཟོ་རྒྱུ་འགོ་བཙུགས་གནང་། སྐབས་དེར་འཛམ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཐོག་དོ་སྣང་ཤུགས་ཆེ་སླེབས་ཡོད། དེ་སྔོན་མགྲོན་ཁང་དུ་འགྲོ་བའི་སྐབས་ལུས་བཤེར་བྱེད་རྒྱུའི་ལམ་ལུགས་མེད། ཕྱིས་སུ་ཟླ་ ༩ ཚེས་ ༡༡ རྗེས་སུ་མགྲོན་ཁང་དང་ཟ་ཁང་། གནམ་ཐང་། མེ་འཁོར་འབབ་ཚུགས་སོགས་ལ་ལུས་བཤེར་བྱེད་ཀྱི་ཡོད། སྐབས་དེ་ནས་བཟུང་ད་བར་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གནང་ཕྱོགས་ཐད་ལས་དོན་སྤེལ་དང་སྤེལ་བཞིན་ཡོད། ད་ཆ་ཁ་ཆེ་ལུང་པ་ཁག་ཏུ་འགའ་ཤས་ཡོད། ཐེངས་འདིར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་མིན་ཙམ་ལ་ཁྱབ་བརྡལ་གྱིས་དཔལ་འབྱོར་གྱི་ཉམས་རྒུད་ཤུགས་ཆེ་འགྲོ་བཞིན་ཡོད། འདི་ལོར་ཨ་སྒོར་ཁྲག་ཁྲིག་དགུ་ 9 trillion dollar གྱོང་གུད་ཕྱིན་གྱི་རེད། ཅེས་བཤད་ཀྱི་ཡོད།
ནམ་རྒྱུན་རྒྱལ་ཁབ་ཀྱི་ GDP ཡར་རྒྱས་འགྲོ་རྒྱུའི་འཕར་ཆ་བརྒྱ་ཆ་ ༦ ནས་ ༨ བར་མར་ཟག་བཞིན་ཡོད་སྟབས། ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ལོ་རེ་རེའི་ GDP growth ཡར་འཕར་བའི་བརྒྱ་ཆ་ ༢་་་་༣་་་༤ རེད། གལ་ཏེ་ད་ལན་བརྒྱ་ཆ་ ༦ ནས་ ༨ མར་ཟག་ཚེ་གྱོང་གུད་ཆེན་པོ་ཕོག་ངེས་དང་དཔལ་འབྱོར་ཉམས་རྒུད། དེ་ལ་དཔགས་པའི་ལས་མེད་མི་གྲངས་མང་པོ་ཞིག་ཆགས་ཀྱི་རེད། ཆབ་སྲིད་པ་ཡིན་ཡང་འོས་བསྡུ་ལང་པའི་སྐབས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཕྱོགས་དང་ལས་ཀའི་གོ་སྐབས་སྤྲད་ཐུབ་མིན་སོགས་ལ་མང་ཚོགས་ནས་དེའི་ཐོག་དོ་སྣང་བྱེད་ཀྱི་རེད། འཛམ་གླིང་ཡོངས་ལ་ན་ཚ་ཞིག་སླེབ་ཡོད་པ་དེ་ནི་ཐེངས་འདིར་རྒྱ་ནག་གཞུང་གི་ནད་ཡམས་དང་པོ་འགོ་བཙུགས་སྟངས་ཀྱི་གནས་ཚུལ་ཆ་ཚང་མང་ཚོགས་ལ་ཕྱི་གསལ་ནང་གསལ་མ་བྱེད་པའི་རྐྱེན་གྱི་གྱོང་གུད་ཆེན་པོ་ཕོག་པ། གཞི་རྩའི་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་འགའ་ཤས་དེ་སྔ་རྒྱ་ནག་དང་བསྟུན་མཁན་ཡིན་ནའང་། འཛམ་གླིང་འཕྲོད་བསྟེན་ཚོགས་པའི་འཐུས་མི་ ༡༣༠ ནས་མཉམ་རུབ་ཀྱིས་ནད་ཡམས་འདིའི་འབྱུང་ཁུངས་གང་ནས་ཡིན་སྐོར་རྟོག་ཞིབ་བྱེད་དགོས་པའི་གྲོས་ཆོད་བཞག་པ་དང་། རབ་བྱུང་ན་ཉེས་ཆད་ཡང་གཏང་དགོས་པ་སོགས་བཤད་ཡོད། འཛམ་གླིང་འདིའི་སྒང་ལ་ནད་ཡམས་འདིས་གནོད་སྐྱོན་ཤུགས་ཆེན་པོ་ཆགས་ཡོད།
དཔལ་འབྱོར་ཉམས་རྒུད་ཕྱིན་པ་ལ་བརྟེན་ནས་ཕྱིས་སུ་མཐོ་སློབ་ཐོན་མཁན་ཚོས་ལས་ཀ་འཚོལ་བ་དང་། དེ་སྔ་ལས་ཀ་ཡོད་པ་རྣམས་ལས་མེད་དུ་འགྱུར་ཉེན་ཡོད། རྐྱེན་ངན་གྲོགས་ཤར་ལྟར་གནད་དོན་དེས་རྐྱེན་པའི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་ཐད་མང་ཚོགས་ཁྲོད་དོ་སྣང་ཤུགས་ཆེན་པོ་སླེབ་ཀྱི་ཡོད་པ་དང་། ཆབ་སྲིད་ཀྱི་ཆ་ནས་ཨ་རིས་གཙོས་མང་གཙོ་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་དགོས་པ་དང་། རྒྱ་གུང་གྲན་ཏང་གི་དམིགས་ཡུལ་ནི་མང་གཙོ་དང་གུ་ཡངས་ཅན་གྱི་ལྟ་གྲུབ་འདི་བཞིན་མེད་པ་བཟོས་རྗེས་གུང་གྲན་ཏང་གི་ལྟ་གྲུབ་ངན་པ་ལག་བསྟར་བྱ་རྒྱུ་དེ་ཡིན་འདུག དེ་ལྟར་བྱ་ཚེ་ང་ཚོའི་རྨང་གཞི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག ཆོས་དད་རང་དབང་སོགས་ལ་འགོག་རྐྱེན་འཕྲད་རྒྱུ་དང་འཛམ་གླིང་མ་སྐྱིད་པ་ཆགས་རྒྱུ་ཡིན་སྟབས། སྟོབས་ཆེན་རྒྱལ་ཁབ་ཨ་རིའི་འགོ་ཁྲིད་འོག་རྒྱལ་ཁབ་གཞན་མང་པོ་དང་མཉམ་རུབ་ཀྱིས་རྒྱ་གཞུང་གི་ལྟ་གྲུབ་དང་ཆབ་སྲིད། རྩ་དོན། དཔལ་འབྱོར་གནས་སྟངས་སོགས་བསྒྱུར་བཅོས་གཏང་རྒྱུ་ཡིན། དེ་ཡང་ཉེ་ཆར་རྒྱ་དཀར་ནག་གི་ས་མཚམས་ནང་རྒྱ་མི་དམག་མི་འཛུལ་ཏེ་རྒྱ་གར་གྱི་དམག་མི་ཉི་ཤུ་བཀྲོངས་པ་དང་འགའ་ཤས་རྨས་སྐྱོན་བྱུང་བར་བརྟེན་རྒྱ་གར་མང་ཚོགས་ཀྱི་སེམས་ནང་རང་བཞིན་གྱི་རྒྱ་ནག་གཞུང་ལ་འཁོན་འཛིན་ཤུགས་ཆེན་པོ་ཡོང་བའི་གནས་སྟངས་ཆགས་ཡོད།
ནད་ཡམས་ཐོག་ནས་གཅིག་དང་རྒྱ་གར་ནང་གི་གནས་སྟངས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་ཡིན་ནའང་གདུག་རྩུབ་མནར་གཅོད་བྱས་པའི་རྐྱེན་གྱི་ན་ཟུག་དང་། དེ་ལ་རྒྱ་ནག་གཞུང་གིས་རོགས་པ་གསར་པ་བཙལ་ནས་འཛམ་གླིང་ངམ་ནུབ་ཕྱོགས་རྒྱལ་ཁབ་ལ་ཁ་གཏད་གཅག་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། དེ་སྔོན་རྙོག་གླེང་ཆེན་པོ་བྱུང་ཡང་མཐར་མཉམ་རུབ་ཀྱིས་ནུས་པ་བཟང་པོ་སྟོན་ཐུབ་པ་མ་ཟད། ཐེངས་འདིར་ནད་ཡམས་རྐྱེན་པས་རྒྱལ་ཁབ་ཚང་མ་མཉམ་རུབ་ཀྱིས་ནད་ཡམས་སྔོན་འགོག་སྨན་ཁབ་དང་། སྨན་བཅོས་སླད་འབད་བརྩོན་ཤུགས་ཆེ་གནང་བར་བརྟེན་འབྱུང་འགྱུར་སྔོན་འགོག་གི་སྨན་ཁབ་དང་སྨན་བཅོས་མགྱོགས་མྱུར་རྙེད་དེ་ནད་ཡམས་དེར་གདོང་ལེན་བྱེད་ཐུབ། གནད་དོན་དེའི་ཐོག་འཛམ་གླིང་ཡོངས་རྫོགས་གཅིག་ཏུ་སྒྲིལ་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་གོ་སྐབས་དེའི་བརྒྱུད་ནས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་དགོས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་གྱི་རྒྱ་གར་ནང་གི་དགོང་མོ་ཆུ་ཚོད་ ༡༢།༣༠ དང་། ཁེ་ན་ཌ་ནང་གི་ཉིན་གུང་ཆུ་ཚོད་ ༣ ཐོག་ཁེ་ན་ཌའི་གྲོས་ཚོགས་འོག་མའི་དམིགས་བསལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་ཐོག་ཉན་ཞིབ་སླད་མགྲོན་འབོད་གནང་བ་ལྟར་གསུང་བཤད་གནང་ཡོད། ཁེ་ན་ཌ་ལྟ་བུ་ཉན་ཞིབ་གནང་ཡོད་སྟབས། ཨ་རིས་གཙོས་ཡུ་རོབ་ནང་དེ་དེ་བཞིན་རྒྱ་ནག་ཐོག་ཉན་ཞིབ་བྱེད་དགོས་པ་དང་། གཞན་ཡང་ད་ཆ་རྒྱ་གར་ནང་དུའང་རྒྱ་ནག་གི་ཐོག་ལ་བགྲོ་གླེང་འགྲོ་བཞིན་ཡོད་སྟབས་ང་ཚོས་གོ་སྐབས་ལེན་དགོས། རྒྱ་ནག་གཞུང་ལ་མི་དགའ་མཁན་དང་གདོང་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། གོང་དུ་ཞུས་པ་བཞིན་དེ་སྔ་རྒྱལ་ཁབ་ཡོངས་རྡོག་སྒྲིལ་ཏེ་ཁ་གཏད་བཅག་ཡོང་དུས་རྒྱལ་ཁ་ཐོབ་ཀྱི་ཡོད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་ད་ལྟའི་ཆར་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་དང་རང་བཙན་དབར་བགྲོ་གླེང་ཡོང་གི་ཡོད། དེ་ལ་བཤད་མཁན་འདྲ་མིན་སྣ་ཚོགས་ཡོད།
ད་ཆ་འཛམ་གླིང་སྒང་གི་རྒྱལ་ཁབ་ཆ་ཚང་རྡོག་བསྒྲིལ་ཏེ་རྒྱ་ནག་གཞུང་ལ་ཁ་གཏད་བཅག་ཡོང་དུས་ང་ཚོས་ཀྱང་དེ་དེ་བཞིན་གནང་སྟེ་གདོང་ལེན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས། རང་བཙན་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡོང་གི་འདུག འདི་རྩ་བ་ཉིད་ནས་མི་འགྲིག འགའ་ཤས་ཀྱིས་དབུ་མའི་ལམ་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་མཁན་ཡོང་བཞིན་འདུག རྩ་བ་ཉིད་ནས་མི་འགྲིག དེ་རིང་ངས་གསལ་པོ་ཞུ་ན་བསམ་སོང་། དེ་སྔོན་དེའི་ཐོག་སྤྱི་ཚོགས་ནས་འཁྲུག་ཆ་དོད་པོ་ཆགས་པ་རེད། རང་བཙན་རྩོད་མཁན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་བྱེད་མཁན་ཚོ་་རྒྱལ་ཚོང་པ་རེད། ཅེས་བཤད་པ་དང་། ཡང་དབུ་མའི་ལམ་ལ་ཡིད་ཆེས་མཁན་གྱིས་རང་བཙན་རྩོད་མཁན་ལ་ཁྱེད་ཚོའི་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་མི་བརྩི་མཁན་རེད། ཅེས་བཤད་ཀྱི་ཡོད། དེ་འདྲ་བཤད་དེ་བསྡད་ཚེ་ཆོ་ཁྱོན་ནས་མེད། ད་ཆ་ང་ཚོ་ཚང་མ་དབུ་མ་ལམ་ཡིན་ན་རེད། རང་བཙན་རྩོད་མཁན་ཡིན་ན་རེད། བོད་ཀྱི་རྩ་དོན་སླད་ལས་འགུལ་གང་སྤེལ་དགོས་དང་རྒྱལ་སྤྱིའི་སྡིངས་ཆ་ཐོག་གང་བྱེད་དགོས་པ་སོགས་ལ་ནུས་པ་བསྒྲིམས་ཏེ་འགྲོ་དགོས་ཡོད་རེད་མ་གཏོགས་ཕན་ཚུན་བཤད་རེས་བཏང་ན་ཕན་ཐོགས་རྒྱུ་རྩ་བ་ཉིད་ནས་མེད།
ཉེ་ཆར་དོན་ཚན་བཅུ་བདུན་ཅན་ཞིག་གི་ནང་ལ། དབུ་མའི་ལམ་ལ་སྐྱོན་བརྗོད་དང་༸གོང་ས་མཆོག་ལ་ཟུར་ཟ་ཞུས་པའི་གནས་སྟངས་ཆགས་ཀྱི་འདུག རྩ་བ་ཉིད་ནས་ཡག་པོ་ཡོད་མ་རེད། ཅེས་ཞུ་རྒྱུ་ཡིན། ཡང་དབུ་མའི་ལམ་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་མཛད་དཀའ་བཟོས་ཏེ་ནང་ཁུལ་ལ་མ་འཆམ་པ་བྱེད་ཚེ་ཡག་པོ་མ་རེད། སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་རེད། དེ་ལ་འགྱུར་བ་འགྲོ་རྒྱུ་མེད། ཅེས་གསལ་པོ་ཞུ་རྒྱུ་ཡིན། གང་ལ་ཟེར་ན། དབུ་མའི་ལམ་གྱི་སྲིད་བྱུས་དང་འཐབ་བྱུས་ཞེས་ངས་དེ་སྔོན་འགྲེལ་བཤད་བརྒྱབ་པ་ཡིན། དེ་ཧ་ལས་པའི་གཏིང་ཟབ་པོ་རེད། རང་བཙན་རྩོད་མཁན་འགའ་ཤས་ཀྱིས། སྲིད་སྐྱོང་ལ་རྒྱ་གར་ནང་གི་གསར་འགྱུར་ཚན་པ་ཁ་ཤས་ཀྱིས། ཁྱེད་ཚོ་ལ་གང་དགོས་སྐོར་སོགས་ཀྱི་བཅར་འདྲི་གནང་སོང་། སྐབས་དེར་སྲིད་སྐྱོང་གིས་རང་བཙན་དགོས་ཞེས་ལན་འདེབས་གནང་མ་སོང་། ཧ་ལས་པའི་བློ་ཕམ་བྱུང་སོང་། ཞེས་བཤད་མཁན་བྱུང་འདུག ཉེ་ཆར་རྒྱ་དཀར་ནག་དབར་རྙོག་གླེང་བྱུང་བའི་རྐྱེན་གྱིས་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པས་དྲི་བ་བཏང་བ་རེད་མ་གཏོགས་རྒྱ་གར་གཞུང་ནས་དྲི་བ་བཏང་མེད། ཕྲུ་གུ་ཆུང་ཆུང་ནང་བཞིན་བཀའ་མོལ་གནང་རྒྱུ་མེད། གཞི་རྩའི་ད་ལྟ་རྒྱ་གར་དང་ཨ་རི། འཛམ་གླིང་ནང་དབུ་མའི་ལམ་ཞེས་དེ་སྔ་རྒྱ་མིའི་རྒྱལ་དར་འཁྱེར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིན་པ་ལྟར་ཁོར་ཡུག་རྩ་བ་ནས་མེད། དེ་འདྲ་བྱེད་ན་ཉེས་རྡུང་མ་རགས་ན་ཁ་རྡུང་ཏན་ཏན་རགས་ཀྱི་རེད།
ཁག་གཅིག་གིས་གནམ་ཐང་དུ་ཁ་བཏགས་འཁྱེར་ནས་རྒྱ་མིའི་དཔོན་རིགས་ལ་ཕེབས་བསུ་ཞུ་ན་རྒྱ་མིའི་དཔོན་པོ་དགའ་ནས་ང་ཚོར་ལྟ་སྟངས་ཡག་པོ་ཆགས་ཀྱི་མ་རེད་དམ། ཞེས་བརྗོད་མཁན་ཡང་ཡོང་གི་འདུག ད་ལྟའི་ཆར་དེ་འདྲ་བྱེད་རྒྱུའི་ཁོར་ཡུག་མེད། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཧ་ཅང་གཏིང་ཟབ་པོ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ང་ཚོ་འཛམ་གླིང་ས་ཕྱོགས་གང་སར་འགྲོ་ཐུབ་ཀྱི་ཡོད། དཔེར་ན། རྒྱ་ནག་གཞུང་གིས་ཐེ་ཝན་རང་བཙན་རྩོད་ཀྱི་ཡོད་པ་རེད། ཅེས་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་ཐེ་ཝན་གྱི་སྲིད་འཛིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐུབ་ཀྱི་མེད། ཡུ་རོབ་ཀྱི་རྒྱལ་ས་སྦར་སིལ་གྱིས་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཕེབས་ཐུབ་ཀྱི་མེད། དེ་བཞིན་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་ Washington DC དུའང་ཕེབས་ཐུབ་ཀྱི་མེད། ང་ཚོ་ལས་དཔལ་འབྱོར་སོགས་གང་ཅིའི་ཐད་ཐེ་ཝན་གྱི་གནས་སྟངས་ཕྱུག་པ་ཡོད། འོན་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་པར་བརྟེན་ང་ཚོ་ཡུ་རོབ་རྒྱལ་ཁབ་ཁག་དང་། ཨ་རིར་འགྲོ་ཆོག་གི་ཡོད།
ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ནས་རང་བཙན་ལ་བསྒྱུར་ནས་ལྟ་ཆོག་གི་རེད་ཟེར་མཁན་ཡང་འདུག དེ་སྔ་བལ་ཡུལ་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་པ་རེད། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་དོན་གཅོད་ལས་ཁུངས་སྒོ་བརྒྱབ་དགོས་བྱུང་བ་རེད། སྐབས་ཤིག་ལ་དོན་གཅོད་ཡང་ལས་ཁུངས་སུ་བཅར་མ་ཐུབ་པའི་གནས་སྟངས་ཆགས་པ་རེད། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཕྱི་ལོ་ ༡༩༩༠ རྗེས་བལ་ཡུལ་དུ་སྐྱེས་པའི་བཙན་བྱོལ་བོད་མི་རྣམས་ལ་སྐྱེས་ཚེས་ལག་འཁྱེར་སྤྲོད་ཀྱི་མིན་ཞེས་བཀའ་འགོག་བྱས་པ་རེད། ང་ཚོའི་ལངས་ཕྱོགས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ད་ལྟའི་ཆར་ང་ཚོ་འཛམ་གླིང་ཡུལ་གྲུ་མང་དག་ཅིག་གི་ནང་སྐྱོད་ཐུབ་ཀྱི་ཡོད། རང་བཙན་ཞེས་བརྗོད་པ་ཙམ་གྱིས་དཀའ་ལས་ཁག་པོ་ཆགས་ཀྱི་རེད།
རྒྱ་དཀར་ནག་གཉིས་ཀྱི་དབར་ཆིངས་ཡིག་མང་དག་ཅིག་བཞག་ཡོད་པའི་ནང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་དང་། རྒྱ་ནག་གི་བདག་དབང་ལ་དོ་ཕོག་སྤྲད་ཀྱི་མིན། ཞེས་ཡིག་ཐོག་ནས་ཁས་ལེན་བྱས་ཡོད་པ་ཞིག་རེད། ཨ་རིས་གཙོས་ལུང་པ་མང་ཆེ་བས་ཁས་ལེན་བྱས་ཡོད། དེར་དོ་ཕོག་སྤྲད་པ་ཡིན་ན་ཐེ་ཝན་ནང་བཞིན་གནས་སྟངས་ཆགས་ཀྱི་རེད། སྤྱིར་རྒྱ་གར་དང་ཨ་རིའི་ནང་ཁོར་ཡུག་འགྱུར་བ་འགྲོ་བཞིན་ཡོད། དེ་བཞིན་ཐེ་ཝན་ནང་ད་ཆ་འགྱུར་བ་ཆེ་ཤོས་ནི། ཉེ་ཆར་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་སྐབས་རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པའི་མི་སྣ་གཉིས་དྲྭ་རྒྱ་བརྒྱུད་བཅར་བ་དེ་འགྱུར་བ་ཧ་ཅང་ཆེན་པོ་རེད་ཅེས་རྗོད་བཞིན་ཡོད། ཉེ་ཆར་ཐེ་ཝན་གྱི་གཞུང་ཚབ་ལྟ་བུར་བུད་མེད་ཅིག་བསྐོ་གཞག་གནང་བ་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དངོས་སུ་ཕེབས་ཏེ་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་དང་ཐུག་པ་དེ་འགྱུར་བ་ཧ་ཅང་ཆེན་པོ་རེད་ཅེས་ཟེར་གྱི་འདུག
ཨ་རིའི་ནང་རྒྱ་ནག་ལ་གདོང་ལེན་བྱེད་དགོས་ཞེས་ཁོར་ཡུག་ཧ་ཅང་ཆེན་པོ་འདུག དེ་བཞིན་རྒྱ་གར་ནང་དུའང་འདུག འོན་ཀྱང་ཐེ་ཝན་ལ་རྒྱབ་སྐྱོར་ཇི་ཅམ་གནང་ཐུབ་ཡོད་དམ་ཞེ་ན། ཐེ་ཝན་གྱི་སྲིད་འཛིན་རྒྱ་གར་དང་ཨ་རིར་ཕེབས་ཆོག་གི་རེད་ཅེས་བརྗོད་མེད། ཐེ་ཝན་གྱི་སྲིད་འདིན་དམ་འབུལ་སྐབས་རྒྱ་གར་གྱི་གཞུང་འབྲེལ་ཆབ་སྲིད་ཚོགས་པའི་འཐུས་མི་གཉིས་བཅར་བ་རེད། ཐེ་ཝན་གྱི་སྐུ་ཚབ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་ཐུབ་པ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པ་ལ་བརྟེན་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཕོ་བྲང་དཀར་པོ་དང་། དེ་བཞིན་ཕྱི་སྲིད་ལས་ཁུངས་ནང་ཕེབས་ཕེབས་པ་རེད། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་མ་ཟད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་ཡོད། དེས་གང་སྟོན་གྱི་ཡོད་དམ་ཞེ་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་ཨ་རི་དང་ཡུ་རོབ་ཀྱིས་རྒྱབ་སྐྱོར་གང་མང་གནང་ཐུབ་པ་དེ་རེད། དབུ་མའི་ལམ་གྱི་འཐབ་བྱུས་ཧ་ཅང་གཏིང་ཟབ་པོ་ཡོད། འཐབ་བྱུས་དེ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་གང་སར་སྐྱོད་ཐུབ་ཀྱི་ཡོད།
ཉེ་ཆར་ངས་རྒྱ་གར་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བཤད་ཞུས་པ་ཡིན། སྐུ་ཞབས་ཝི་ཇ་ཡཱ་ཀྲནྟི་ Vijay Karanti ལགས་ལ་མཚོན་ན་རང་བཙན་ཡིན་ཟེར་མཁན་གྲས་རེད། ངས་དབུ་མའི་ལམ་གྱི་སྐོར་འགྲེལ་བརྗོད་ཞུས་རྗེས་ཁོང་གིས་ད་རེས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བཤད་ཧ་ཅང་ཡག་པོ་བརྒྱབ་སོང་ཞེས་བརྗོད་ཀྱི་འདུག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་རེས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཧ་ཅང་ཡག་པོ་ཤེས་སོང་། ང་ཚོ་རང་བཙན་རྩོད་མཁན་ཡིན་ནའང་དགག་པ་བརྒྱག་གི་མིན་ཞེས་བརྗོད་ཀྱི་འདུག འགའ་ཤས་ཀྱིས་མོས་མཐུན་ཡོད་ཟེར་གྱི་འདུག དབུ་མའི་ལམ་གྱི་སྲིད་བྱུས་ནི་ཧ་ཅང་གཏིང་ཟབ་པོ་རེད། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་གནས་ཀྱི་རེད།
དེ་ཡང་རྒྱ་གར་དང་ནུབ་ཕྱོགས་ཁུལ་གྱི་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་གདོང་ལེན་བྱས་ཏེ་འགྱུར་བ་ཤུགས་ཆེ་འགྲོ་བཞིན་ཡོད་ནའང་སྲིད་བྱུས་ལ་ལམ་སང་བསྒྱུར་བ་གཏོང་རྒྱུ་ཡོད་མ་རེད། དེར་བརྟེན་རང་བཙན་རྩོད་མཁན་ཚོ་ཡིན་ནའང་ལས་འགུལ་མང་ཙམ་སྤེལ་རོགས། ཁ་ཕྱོགས་དེ་རྒྱ་ནག་གཞུང་ལ་བལྟས་ནས་བོད་ནང་ཛ་དྲག་གནས་སྟངས་ཇི་ཙམ་རེད་འདུག བོད་ཀྱི་ཁོར་ཡུག་རྩ་མེད་ག་འདྲ་གཏོང་བཞིན་འདུག མི་རིགས་དང་རིག་གཞུང་རྩ་མེད་ག་འདྲ་གཏོང་གི་འདུག སྤྱི་ཚོགས་དང་དཔལ་འབྱོར་ཐོག་ནས་དབྱེ་འབྱེད་ཇི་འདྲ་བྱེད་ཀྱི་འདུག ཆབ་སྲིད་ཐོག་ནས་དམ་དྲག་ག་ཚོད་བྱེད་ཀྱི་འདུག དེ་དག་གི་སྐོར་གང་མང་བཤད་རོགས། ཞེས་ཞུ་རྒྱུ་ཡིན།
དབུ་མའི་ལམ་ཡིན་ནའང་མགོ་སྒུར་ནས་ཐལ་མོ་སྦྱར་ཏེ་རྒྱ་ནག་གཞུང་ལ་བསླང་རྒྱུ་མ་རེད། ལོ་རྒྱུས་ཐོག་ནས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ནའང་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིིག་ཐོབ་ཐབས་བྱེད་བཞིན་ཡོད། ཅེས་མགོ་ཁྱག་ནས་སྐད་ཆ་བཤད་རྒྱུ་རེད་མ་གཏོགས་ཁ་བཏགས་འཁྱེར་ནས་འགྲོ་དགོས་རེད། ཅེས་དང་། རྒྱ་མིར་སྤྲེལ་ལད་བཤད་དགོས་པ། རྒྱ་མིར་དགྲ་བོ་བརྗོད་རྒྱུ་མེད་སྐོར་སོགས་རྗོད་བཞིན་ཡོད་ནའང་། ནང་ཁུལ་ལ་རང་བཙན་རྩོད་མཁན་དང་དབུ་མའི་ལམ་དབར་ཧ་ལམ་དགྲ་བོ་ལྟ་བུར་ཧ་ཅང་རྩུབ་པོ་བཤད་རེས་གཏུག་གི་འདུག
རྒྱ་ནག་གཞུང་གི་སྲིད་བྱུས་ཐོག་ནས་མ་འགྲིག་པ་གང་ཡོད་ན་ཐད་ཀར་བཤད་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག དབུ་མའི་ལམ་ཡིན་ནང་ཐད་ཀར་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་བདེན་པ་རྩོད་བཞིན་ཡོད། འདི་ངེས་པར་དུ་ཐུགས་ལ་འཇགས་རོགས། ང་ཚོ་ནང་ཁུལ་ལ་བགྲོ་གླེང་བྱས་ནས་བོད་མི་ཁག་གཅིག་གིས་བོད་རང་བཙན་ཁ་ལ་འཁྱེར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། དེ་བཞིན་དབུ་མའི་ལམ་ཁ་ལ་འཁྱེར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ་བཟོ་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད། དེ་སྔ་ཕྱི་ལོ་ ༢༠༠༧་་༢༠༠༨ ལོར་དབུ་མའི་ལམ་དང་རང་བཙན་རྩོད་མཁན་དབར་ཨ་རི་ནིའུ་ཡོག་ཏུ་རྙོག་གྲ་བྱུང་ནས་གསུམ་བཅུའི་དུས་དྲན་སྐབས་སུས་སྐད་ཆ་བཤད་དགོས་མིན་དང་སུ་ཡོང་ཆོག་མིན་རྙོག་གྲ་བྱུང་སྟེ་དུས་ད་ལྟ་ཡིན་ནའང་ནིའུ་ཡོག་ཏུ་ཤུལ་ལྷག་ཡོད། ད་ཆ་ཨ་རི་ནིའུ་ཡོག་ཏུ་རྙོག་གྲ་ཡོད་པ་དེ་ཉིད་སྐབས་དེའི་ཤུལ་ལྷག་པ་རང་རེད། དེ་ལྟར་མི་ཡོང་སླད་ང་ཚོ་ནང་ཁུལ་རྡོག་རྩ་གཅིག་བསྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཚང་མས་འདིའི་ཐོག་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་ཁག་གཅིག་གི་༸གོང་ས་མཆོག་ཁ་ལ་འཁྱེར་ནས་བཤད་མཁན་རིགས་འདུག ད་རེས་མིང་འབོད་ཀྱི་མིན། ཕྱིས་སུ་མིང་འབོད་ཀྱི་ཡིན། མང་གཙོ་ཁ་ལ་འཁྱེར་ནས་བཀའ་ཤག་དང་སྲིད་སྐྱོང་གིས་གནང་སྟངས་ཐོག་༸གོང་ལ་མཆོག་གི་དགོངས་པ་གཞིར་བཟུང་འགྲོ་གི་མ་རེད། ཅེས་བཤད་མཁན་དེ་འདྲ་ཡོད་ས་རེད། དེ་རིགས་ལ་རྩ་བ་ཉིད་ནས་མོས་མཐུན་བྱེད་ཀྱི་མིན། ང་དེ་རིང་འདིར་ཡར་ལང་བཞིན་པ་འདི་སུ་ཡིན་ཞེ་ན། ཕྱི་ལོ་ ༢༠༠༤ ལོར་ཕྲན་རང་ཨ་རི་ཧར་ཝ་ཌི་མཐོ་སློབ་ནས་འབུམ་རམས་པའི་ལག་འཁྱེར་བླང་བའི་སྐབས་ག་རེ་བསམ་གྱི་འདུག་ཅེས་སྐད་ཆ་འདྲི་མཁན་བྱུང་། སྐབས་དེར་ངས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། བོད་གཞུང་དང་ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡིན་བསམ་གྱི་འདུག་ཅེས་ཞུས་པ་ཡིན། དེང་སྐབས་ཉུང་ཤས་ཤིག་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡིན་ཞེས་ཟེར་གྱི་མི་འདུག གུས་པར་མཚོན་ན་སྐབས་དེ་དུས་ནས་བསམ་གྱི་ཡོད་པ་མ་ཟད། དུས་ད་ལྟ་ཡིན་ནའང་བསམ་བཞིན་ཡོད།
སྲིད་སྐྱོང་ལངས་ནས་འདིར་ཡོང་དགོས་དོན་གཙོ་བོ་ནི། བོད་ཀྱི་རྩ་དོན་དང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཞབས་སྤྱི་ཞུ་ཆེད་བཅར་བ་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་དམ་འབུལ་ཞུས་པ་རེད། དེ་རིང་ཕྱི་ཚེས་ ༧ ཉིན་ལོ་དགུ་ཧྲིལ་པོ་འཁོར་གྱི་འདུག འདས་པའི་ལོ་ངོ་དགུའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐེངས་བརྒྱ་ལྷག་ཕལ་ཆེར་བཅར་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནང་དོན་བཀའ་སློབ་མང་པོ་ཕེབས་ཡོད་པ་མཟད། བཀའ་མངགས་ཀྱང་གནང་གི་རེད། གཟིམ་ཆུང་མཇལ་ཁ་བཅར་བའི་སྐབས་དེ་སྔ་བཀའ་མངགས་གནང་བ་ལྟར་ལས་དོན་བསྒྲུབས་སྐོར་ཡར་སྙན་གསང་ཞུ་ཡི་ཡོད། ད་ལྟའི་ཆར་༸གོང་ས་མཆོག་གི་དགོངས་པ་ཆ་ཚང་རྟོགས་ཐུབ་མཁན་ཞིག་ཆགས་ཡོད། ༸གོང་ས་མཆོག་གིས་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་གནང་གི་ཡོད་པ་གདེང་ཚོད་ཡོད། ད་བར་བཀའ་ཤག་ནས་གང་གནང་བ་ཡིན་ནའང་གནད་དོན་ཆེ་ཁག་ཆ་ཚང་༸གོང་ས་མཆོག་གི་དགོངས་པ་དང་མཐུན་པ་བྱས་ཡོད། མ་མཐུན་པ་སྤུ་ཙམ་ཡང་བྱེད་མེད།
དེ་ལྟར་བཤད་མཁན་གྱི་མིང་ད་རེས་འབོད་ཀྱི་མིན། མ་འོངས་པར་མིང་འབོད་ནས་བཤད་དགོས་བྱུང་ནའང་བཤད་ཀྱི་ཡིན། གྲོས་ཚོགས་ལའང་ཞུས་ཟིན་པ་ཡིན། ང་རང་གི་བསམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ང་ལས་ལྷག་དད་གུས་བྱེད་མཁན་མེད་བསམ་གྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་སྤྱི་ཞུ་རྒྱུ་ནི་ངའི་ཕ་དམ་པའི་ཁ་ཆེམས་དང་། ང་རང་གི་ཡིད་ཆེས་དང་དད་པ་རེད། དེར་བརྟེན་འདས་པའི་ལོ་ངོ་དགུའི་ནང་ཞབས་སྤྱི་གང་ཐུབ་ཅི་ཐུབ་ཞུས་ཡོད། ༸གོང་ས་མཆོག་ཐུགས་སྤྲོ་བོ་ཡོང་བ་ཞིག་ངས་ཞུས་ཡོད། བཀའ་ཤག་དང་སྲིད་སྐྱོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མི་མཐུན་པའི་ཐོག་ནས་མང་གཙོ་ཁ་ལ་འཁྱེར་ནས་གཅིག་བྱེད་ཀྱི་འདུག་ཟེར་མཁན་གྱི་མིང་ད་ལྟའི་ཆར་འབོད་མེད། སླད་ཕྱིན་དེ་རིགས་མེད་ན་བཟང་གི་རེད། འདི་རིགས་ལ་རྩ་བ་ཉིད་ནས་མོས་མཐུན་བྱེད་ཀྱི་མིན།
དབུ་མའི་ལམ་དང་རང་བཙན་རྩོད་མཁན་སུ་ཡིན་ནའང་༸གོང་ས་མཆོག་ལ་མཚན་མེད་དང་མཛད་དཀའ་མ་བཟོ་རོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོའི་རྩ་བའི་བླ་མ་རེད། དགུང་ལོ་ ༡༦ ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་བ་ནས་བཟུང་ད་བར་བོད་བསྟན་སྲིད་མི་རིགས་སླད་སྐུ་ངལ་ཇི་ཙམ་མཛད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་དང་རྡོག་རྩ་གཅིག་བསྒྲིལ་དགོས་པའི་བཀའ་སློབ་རབ་དང་རིམ་པ་མང་པོ་ཕེབས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ནི་ཧ་ཅང་གཏིང་ཟབ་པོ་རེད། མུ་མཐུད་ནས་གནས་ཀྱི་རེད། དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ནང་ཁུལ་འཁྲུག་པ་བརྒྱབ་ནས་མ་བསྡད་རོགས། དོན་ཚན་བཅུ་བདུན་བཏོན་པ་དང་འགྲེལ་བཤད་རིང་པོ་བརྒྱག་ན་ཕན་ཐོགས་གང་ཡང་མེད། བོད་རྩ་དོན་སླད་སོ་སོ་ངོས་ནས་ལས་ཀ་བྱེད་དགོས། རྒྱལ་སྤྱིའི་སྡིངས་ཆ་ཐོག་མར་ཐོན་ནས་ལས་ཀ་བྱེད་མཁན་ཉུང་དྲགས་པའི་སྐྱོན་འདུག འདས་པའི་ལོ་ངོ་དགུའི་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད། ཧ་ཅང་དཀོན་པོ་རེད་འདུག དེ་སྔོན་བྱང་ཨ་རིར་ལས་འགུལ་ཆེན་པོ་ཞེས་མི་མང་སྟོང་ཕྲག་ལྔ་ཙམ་སླེབས་པ་རེད། དེར་མགྲོན་འབོད་གནང་བ་ལྟར་བཅར་བ་ཡིན། མཐར་ལས་འགུལ་ཐོག་གསུང་བཤད་གནང་མཁན་གྷན་དིའི་ནང་མི་བརྒྱུད་པ་གཅིག་དང་རྒྱ་རིགས་ངོ་ཤེས་པ་གཅིག གཞན་ཡང་ང་ཚོ་འགའ་ཤས་ཤིག་རེད་འདུག ལས་འགུལ་དབུ་འབྱེད་མཛད་སྒོའི་ཐོག་ཨ་རི་མི་གཅིག་རྐྱང་མི་འདུག གནས་ཚུལ་འདི་བཞིན་གསར་ཤོག་གཅིག་གི་ནང་དུའང་ཐོན་མི་འདུག གཞི་རྩའི་བྱང་ཨ་རིར་རྟེན་གཞི་བྱས་པའི་བོད་པ་ཡོངས་རྫོགས་ས་གནས་དེར་འཛོམས་ཡོད། ལས་འགུལ་སྤེལ་བའི་སྐབས་ཨ་རིའི་སྐུ་ཚབ་མི་གཅིག་ཀྱང་གདན་འདྲེན་ཞུ་ཐུབ་མི་འདུག ང་ཚོའི་ངོས་ནས་ས་གནས་སོ་སོའི་གྲོས་ཚོགས་འཐུས་མི། དཔོན་རིགས་ཁག རྫོང་དཔོན་སོགས་ལ་འབྲེལ་བ་ཞུས་ཏེ་བོད་དོན་ཐད་ཁྲིམས་འཆར་གང་གཞག་དགོས་སྐོར་སོགས་ཀྱི་གནད་དོན་ཐོག་ལས་འགུལ་སྤེལ་དགོས། དབུ་མའི་ལམ་དང་རང་བཙན་རྩོད་མཁན་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་སླད། རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་གཞིས་ཞུགས་བོད་མི་ཇི་ལྟར་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པ། གཞིས་ཞུགས་བོད་མིའི་སེམས་ཤུགས་མ་བརྗེད་པའི་ཐོག་བོད་དོན་སླད་སྐུ་ལས་བསྐྱོན་རྒྱུའི་དུས་ཚོད་སླེབ་འདུག ནང་ཁུལ་བཤད་སྡོད་རྒྱུའི་དུས་ཚོད་རྩ་བ་ཉིད་ནས་རེད་མི་འདུག
བོད་དང་འཛམ་གླིང་སྤྱི་ཡོངས་ལ་ཆ་བཞག་ན། དུས་རབས་༩་་་༡༠་་་༡༡་་༡༢་་་༡༣ སྐབས་སུ་ཁ་ཆེའི་ཆོས་ལུགས་ཧ་ཅང་དར་འཕེལ་ཕྱིན་པ་དང་། རྒྱ་གར་ལོ་ ༥༠༠་་་༦༠༠ རིང་ཁ་ཆེའི་འོག་གནས་པ་རེད། ཡིན་ཡང་ཁ་ཆེའི་བླ་མ་དང་དཔོན་པོ་ཚོས་རྒྱ་གར་ ༥༠༠་་་༦༠༠་་་༨༠༠ རིང་དབང་བསྒྱུར་བྱས་པ་ཡིན། ད་དུང་རྒྱ་གར་ནང་བརྒྱ་ཆ་ ༨༠ ཧིན་དུ་ཆོས་ལུགས་བྱེད་མཁན་རེད་འདུག ཁ་ཆེ་ཆགས་མི་འདུག ཨི་རན་ནང་ Zoroastrianism ཆོས་བྱེད་ཀྱི་ཡོད། ཨི་རན་དབང་བསྒྱུར་རྗེས་ལོ་ ༢༠ ནང་ཨི་རན་ཡོངས་རྫོགས་ཁ་ཆེ་འགྱུར་ཡོད། དེ་བཞིན་ཨི་རག་དང་སོག་པོའི་ཁྱིམ་མཚེས་ཀིར་ཀྶི་ཐན་དང་ཀ་ཛ་ཀྶི་ཐན་བཅས་ལོ་ ༢༠ ནང་ཚུད་ལ་ཁ་ཆེ་འགྱུར་ཡོད། འོན་ཀྱང་རྒྱ་གར་འཕགས་ཡུལ་འདི་བཞིན་ལོ་ ༨༠༠ ཙམ་རིང་དབང་བསྒྱུར་བྱས་ཀྱང་ད་དུས་བརྒྱ་ཆ་ ༨༠ ཧིན་དུ་གང་འདྲ་བྱེད་ནས་བསྡད་པ་རེད་དམ་ཞེ་ན། རྒྱ་གར་མི་རིགས་ཀྱི་རྒྱལ་ཞེན་དང་། ཆོས་ལ་དད་པ། རིག་གཞུང་གི་རྨང་གཞི་གཙོ་བོ་བཙུགས་པའི་ཐོག་ནས་གནས་ཐུབ་པ་བྱུང་བ་རེད།
བོད་ལ་ལྟ་ཚེ། རྒྱ་གུང་བྲན་ཏང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་དགོན་སྡེ་གཏོར་བཤིག་དང་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ། གྲྭ་བཙུན་མེད་པ་བཟོས་བ་སོགས་ཀྱི་བྱ་སྤྱོད་ངན་པ་ཇི་ལྟར་སྤེལ་ཡོད་ཀྱང་། ལོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་མི་རྣམས་ཆོས་དད་མེད་མཁན་བཟོས་མ་ཐུབ་པ་ཙམ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཤུགས་ཆེ་རུ་ཕྱིན་པ་དང་། གཞོན་སྐྱེས་ཚོའི་རྒྱལ་ཞེན་གྱི་ཚོར་བ་ཤུགས་ཆེན་པོ་སླེབ་ཡོད། དེས་བོད་མིའི་སྙིང་སྟོབས་གཏིང་ཟབ་པོ་དང་ཆེན་པོ་ཡིན་པ་ཧ་ཅང་གསལ་པོ་རེད། ལོ་ ༦༠ ནང་རྒྱ་ནག་གཞུང་གིས་བོད་ནང་དམག་མི་ཚད་མེད་བཏང་བ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་ལྟར་སྤེལ་ཡང་ད་དུང་བོད་ནང་འགུལ་སྐྱོད་གཏོང་ཐུབ་མེད།
གཞིས་ཞུགས་བོད་མིས་རང་ལུས་མེར་སྲེག་གིས་གཙོས་པའི་བློས་གཏོང་ཆེན་པོ་བྱེད་ཐུབ་ཀྱི་ཡོད། ཉེ་ཆར་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དམ་པ་ཁོང་དེ་སྔོན་ཨ་རི་ Boston དུ་སླེབ་པའི་སྐབས་སྐད་སྒྱུར་བྱས་ནས་འགྲོ་མྱོང་ཡོད། ཕྱོགས་མཚུངས་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐད་སྒྱུར་བྱས་ནས་འགྲོ་མྱོང་ཡོད། བོད་ནས་ཕེབས་མཁན་ཚོས་སྐུ་ལས་ཧ་ཅང་བསྐྱོན་འདུག ནམ་ཡང་བརྗེད་རྒྱུ་མེད། བོད་ལ་ད་དུང་ཡིན་ནའང་མུ་མཐུད་ནས་ཡོད། བཙན་བྱོལ་ནང་བོད་ཉུང་ཤས་ཤིག་ཡོད་པ་རྣམས་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དང་། མགོན་པོ་གང་ཉིད་མཆོག་ལ་དད་བཀུར་དང་བརྩི་བཀུར་ཡོད་པའི་ཐོག་ནས་མཐའ་གཅིག་ཏུ་འབད་བརྩོན་བྱེད་རྒྱུའི་དུས་ཚོད་སླེབ་འདུག
འཛམ་གླིང་འཁྲུག་ཆ་དོད་པོ་རེད། རྒྱལ་ཁབ་ཡོངས་ཀྱིས་རྒྱ་ནག་གཞུང་ལ་གདོང་ལེན་བྱེད་ཀྱི་རེད། ནད་ཡམས་འདི་ལྟ་བུར་ཆ་བཞག་ན། འཛམ་གླིང་ཡོངས་ཀྱི་མཉམ་རུབ་ཀྱིས་ཐོག་ནས་བཏུལ་ཐུབ། ཕྱོགས་མཚུངས་དེ་སྔོན་ཡུ་རོབ་ནང་ཁུལ་ནུས་པ་མཉམ་སྤུངས་ཀྱིས་འཛམ་གླིང་གི་ས་ཆ་ ༨༨ དབང་བསྒྱུར་བྱེད་ཐུབ་པ་མ་ཟད། ཡུ་རོབ་ནང་ཁུལ་མཐུན་སྒྲིལ་གྱིས་ཡུ་རོབ་མཐུན་ཚོགས་བཙུགས་ཐུབ་པ་བྱུང་ཡོད། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་རྡོག་རྩ་གཅིག་བསྒྲིལ་བྱེད་དེ་འཛམ་གླིང་སྟེང་ཆབ་སྲིད་ཀྱི་ཁོར་ཡུག་འགྱུར་བ་ཆེན་པོ་ཕྱིན་པའི་སྐབས་འདིར་གོ་སྐབས་འཛིན་པའི་ཐོག་ནས་འབད་བརྩོན་བྱེད་ཚེ་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཚད་མཐོ་རུ་འགྲོ་རྒྱུའི་གོ་སྐབས་གསར་པ་ཞིག་སླེབས་ཀྱི་འདུག ནང་ཁུལ་ཁོ་ནར་བསམ་བློ་མ་བཏང་བར་ཕྱི་ལ་བསམ་བློ་གཏོང་རོགས། རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་གནང་ཚེ་བོད་ཀྱི་རྩ་དོན་ལ་གོ་སྐབས་བཟང་པོ་སླེབ་རྒྱུའི་ཉི་མ་ཤར་རྒྱུ་ཡིན་འདུག མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་གནས་པ་དང་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་པར་ཤོག ཅེས་སྨོན་འདུན་ཤུགས་དྲག་དང་བཅས། ཐུགས་རྗེ་ཆེ། །