ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་གྲོང་འཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ འདི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་ཆེན་པོ་འགྲོ་སྒོ་ཚུགས་པའི་དུས་ཚོད་དང་བསྟུན་བོད་མི་སྒྲིག་འཛུགས་ནས་དབུས་དང་ས་གནས་སུ་ནད་ཡམས་འདི་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་སོགས་ལ་དམིགས་ནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ཆེད་འཛུགས་གནང་ཡོད། བལ་ཡུལ་ཁུལ་དུ་ཕྱི་ལོ་༢༠༢༠ ཟླ་ ༣ པའི་ནང་ས་གནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་དངོས་སུ་ཆེད་འཛུགས་ཀྱིས་རེས་གཟའ་ལྷག་པ་འཆར་ཅན་ཚོགས་ཆུང་གི་ཚོགས་མི་རྣམས་དྲ་ཐོག་ནས་ཚོགས་འདུ་བསྐོང་ཚོགས་ཀྱིས་ད་བར་ཚོགས་ཐེངས་གྲངས་༢༡ བསྐོང་ཚོགས་གནང་ཟིན།
ད་ལན་དྲ་ཐོག་ཚོགས་ཐེངས་ ༢༢ དེ་གཙོ་བོ་ས་གནས་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་བལ་ཡུལ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གདན་ཞུས་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས། དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་ས་གནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་བལ་ཡུལ་དོན་གཅོད་དང་། གློ་སྒྲིག་བདེ་རྩའི་ཚོགས་གཙོ། གངས་ཅན་བདེ་རྩའི་ལས་གཙོ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྐུ་ཚབ། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་དང་གསོ་རིག་ལྷན་ཚོགས་ཀྱི་སྐུ་ཚབ་སྨན་པ་བཅས་ཚོགས་བཅར་གནང་ཡོད།
ས་གནས་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་རྒྱལ་ཁོངས་བོད་མིིའི་གཞིས་ཆགས་སྤྱི་ཡོངས་ནང་ནད་ཡམས་འདི་དང་འབྲེལ་བའི་ཐོག་ལས་དོན་ཇི་སྤེལ་སྙིང་བསྡུས་སྙན་གསང་ཞུས་རྗེས་ས་གནས་ཚོགས་ཆུང་ནས་ས་གནས་ལས་ཁུངས་དང་སྨན་ཁང་། དེ་བཞིན་མི་མང་འདུ་འཛོམས་ཆེ་སར་དུག་སེལ་སྨན་ཆུ་གཏོར་རྒྱུ། གཞན་ཡང་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་དང་། མི་མང་འཕྲོད་ཚ་བ་ལ་སོགས་པའི་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་རྒྱུའི་མཚོན་ནད་ཡམས་ཁྱབ་གདལ་བཀག་འགོག་དང་སྔོན་འགོག་ལས་དོན་སྤེལ་བ་རྣམས་སྙན་སྒྲོན་ཞུས་གནང་།
ཚོགས་འདུའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ལས་དོན་ཞབས་ཞུ་ཧུར་བསྐྱེད་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་ས་གནས་སུ་ད་ལྟའི་ནད་ཡམས་ཀྱི་ཛ་དྲག་དཀའ་ངལ་ཆེ་བའི་དུས་ཚོད་འདིར་རོགས་ཕན་མུ་མཐུད་ནས་ཞུ་རྒྱུ་ཡིན། ཞེས་དང་།
དེ་བཞིན་བཀའ་བློན་མཆོག་གིས་མུ་མཐུད་དེ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་དགོས་རྒྱུ་གལ་ཆེ་ཞིང་། ཟུར་འཇོག་ཁང་དུ་ནད་འབུ་ཡོད་པ་ར་འཕྲོད་འབྱུང་ཚེ་ཁུལ་དེས་སྤྱི་ཚོགས་ནང་ཁྱབ་གདལ་མ་འགྲོ་བར་ཕན་ཐོགས་ཡོད་པ་དང་ཤུགས་ནས་མི་མང་གི་འཕྲོད་བསྟེན་ཞབས་ཞུའི་ཐོག་དཀའ་ངལ་རྒྱ་ཆེ་མ་འཕྲད་པར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས།
གཞི་རྩའི་བལ་ཡུལ་ནང་ཡུལ་མིའི་མི་འབོར་ལ་གཞིགས་པས་ནད་གཞི་ཕོག་མཁན་བརྒྱ་ཆ་དེ་ ༠་༢ དང་དྲག་སྐྱེད་སོང་བའི་བརྒྱ་ཆ་དེ་ ༧༠་༩ ཡིན་འདུག་ཀྱང་མི་མང་རྣམས་བདེ་ཐང་སྲུང་སྐྱོབ་བྱ་རྒྱུར་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་གང་ཡོད་དང་ཉེན་ཁ་དེ་དག་མ་འཕྲད་རྒྱུའི་ཐབས་བྱུས་སོགས་ཤེས་རྟོགས་ཀྱིས་དུས་ཐོག་ཕྱག་ལེན་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་གསུངས།
དེ་དང་འབྲེལ་ས་གནས་བོད་མི་རྣམས་ནད་གཞི་འདི་ཕོག་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཐུབ་ན་དེས་སྔོན་ཚུད་ནས་ནད་གཞི་ཕོག་པ་ར་འཕྲོད་རྒྱུ་དང་། དེ་ལ་དཔོག་པའི་སྨན་བཅོས་དང་། དེ་བཞིན་ནད་པ་དང་ནད་པར་འབྲེལ་ཐུག་བྱུང་བའི་མི་རྣམས་སྔོན་ཚུད་ནས་ཟུར་འཇོག་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས།
མཇུག་དོན་བཀའ་བློན་མཆོག་གིས་ས་གནས་སུ་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་དུས་ཚོད་འདིར་དངོས་སུ་མི་མང་གི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་གནང་མཁན་སྨན་པ་དང་། སྨན་ཞབས། འཕྲོད་ལས་པ། དྭང་ཞབས་པ་བཅས་འབྲེལ་ཡོད་ཞབས་ཞུ་བ་ཚང་མར་ལེགས་གསོལ་བསྔགས་བརྗོད་ཞུས་གནང་ཡོད།།