ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཉེ་ཆར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་གྱིས་ལས་ཁུར་དམ་འབུལ་ཞུས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༤༥ ལ་འཚམས་འདྲི་ཞུས་གནང་ཡོད་འདུག
འཚམས་འཕྲིན་ནང་འཁོད་དོན། རྒྱ་གར་གཞུང་མང་གཉིས་ནས་མི་ལོ་དྲུག་ཅུ་ལྷག་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ང་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཡོད།
ད་ལྟའི་ཆར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ལ་རྩོད་རྙོག་བྱུང་བཞིན་ཡོད་པ་དང་། དེ་སེལ་རྒྱུར་བོད་ཀྱི་གནད་དོན་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་མ་བྱས་གོང་ལ། བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ buffer zone ལྟ་བུར་གནས་ཀྱི་ཡོད་ཀྱང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། དེའི་རྣམ་པ་མེད་པར་གྱུར་ཏེ་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་བྱུང་ནས་ད་བར་རྙོག་གྲ་རིམ་པ་བྱུང་བཞིན་ཡོད། བྱས་ཙང་ཁྱེད་རྣམས་ནས་བོད་ཀྱི་གནད་དོན་གསལ་རྒྱུར་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་དང་། རྒྱ་ནག་ལ་ས་མཚམས་ཀྱི་རྙོག་གྲ་དེ་རྒྱལ་ཁབ་གཅིག་གཉིས་མཉམ་དུ་མིན་པར་རྒྱལ་ཁབ་མང་པོ་ཞིག་དང་ལྷན་ས་མཚམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེས། རྒྱ་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་འཆར་གཞི་གཏིང་ཟབ་བཏིང་བའི་ཐོག་འཛམ་གླིང་ཡོངས་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད།
ང་ཚོས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༸གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། ཁྱེད་རྣམས་དང་། ཁྱེད་རྣམས་ཀྱི་གཞུང་ནས་བོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།
ཁྱེད་རྣམས་ནས་དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་མཇལ་འཕྲད་ཀྱིས་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་ཁྱེད་རྣམས་དང་ལྷན་མཇལ་མོལ་གནང་རྒྱུའི་གོ་སྐབས་ཡོང་ངེས་ཡིན།
ངས་སླར་ཡང་ཁྱེད་རྣམས་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་། མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །
ཉེ་ཆར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ ༦༡ བདམས་ཐོན་བྱས་པའི་ཁོངས་ནས་ལས་ཁུར་དམ་འབུལ་ཞུས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༤༥ ཡི་མཚན་གཤམ་གསལ།
1.Shri Ayodhya Rami Reddy Alla
2.Shri Narhari Amin
3.Shri Ramdas Athawale
4.Smt. Ramilaben Bara
5.Shri Abhay Bhardwaj
6.Shri Bikash Ranjan Bhattacharyya
7.Shri Udayanraje Bhonsle
8.Shri Pilli Subhaschandra Bose
9.Smt. Priyanka Vickram Chaturvedi
10.Shri Biswajit Daimary
11.Shri Neeraj Dangi
12.Shri Ashok Gasti
13.Shri Rajendra Gehlot
14.Shri Shaktisinh Gohil
15.Shri Prem Chand Gupta
16.Shri Harivansh
17.Shri Ram Chander Jangra
18.Shri Iranna Kadadi
19.Shri Bhubaneswar Kalita
20.Dr. Bhagwat Kishanrao Karad
21.Shri Mallikarjun Kharge
22.Shri Muzibulla Khan
23. Shri Sujeet Kumar
24.Shri Maharaja Sanajaoba Leishemba
25.Smt. Mamata Mohanta
26.Shri. Venkataramana Rao Mopidevi
27.Shri K.P. Munusamy
28.Shri Sharad Pawar
29.Shri Deepak Prakash
30.Shri Nabam Rebia
31.Shri Rajeev S Satav
32.Shri Jyotiraditya M Scindia
33.Shri A. D. Singh
34.Shri Deepender Singh
35.Shri Digvijaya Singh
36.Shri Subhash Chandra Singh
37.Dr. Sumer Singh Solanki
38.Shri Ram Nath Thakur
39.Shri Vivek Thakur
40.Shri M Thambidurai
41.Shri K. Vanlalvena
42.Shri K.T.S. Tulsi
43.Shri G.K. Vasan
44.Shri K.C. Venugopal
45.Smt. Indu Bala Goswami.