ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཐེམ་སྤང་བཀའ་རྒྱ་རྐྱེན་པས་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་ལྷག་པའི་བོད་མི་ཁྱོན་བསྡོམས་གྲངས་ ༢༩༦༠ ཐམ་པ་རྒྱ་གར་དང་བལ་ཡུལ་ནང་རང་ཁྱིམ་དུ་བདེ་འབྱོར་ཐུབ་པ་བྱུང་འདུག
དེ་ཡང་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ཤུགས་ཆེ་བྱུང་རྐྱེན་རྒྱ་གར་ནང་འདི་ལོའི་ཕྱི་ཟླ་ ༣ ནས་བཟུང་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྡམས་པར་བརྟེན། མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་སློབ་ཕྲུག་གཙོ་བོར་གྱུར་པའི་ཚོང་པ་དང་། གནས་སྐོར་བ་སོགས་བོད་མི་མི་ཉུང་བ་ཞིག་རྒྱ་གར་གྱི་གྲོང་ཁྱེར་འདྲ་མིན་ནང་ལྷག་ཡོད་པ་དང་། འདིའི་ཁོངས་ནས་རྒྱ་བལ་འབྲུག་གསུམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་ཐོ་གཞུང་འབུལ་འབྱོར་བྱུང་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་མི་གྲངས་ ༦༤༢ དང་། བཞུགས་སྒར་རྡ་སར་མི་གྲངས་ ༥༢༧། ལ་དྭགས་སུ་མི་གྲངས་ ༥༡༨། དེ་བཞིན་རྡ་ས་དང་ལ་དྭགས་ཕུད་བྱང་ཕྱོགས་བོད་མིའི་ས་གནས་ཁག་ལ་མི་གྲངས་ ༦༡༣། རྒྱ་གར་བྱང་ཤར་ཕྱོགས་ལ་མི་གྲངས་ ༣༢༦། རྒྱ་གར་དབུས་ཕྱོགས་ལ་མི་གྲངས་ ༣༡༠། བལ་ཡུལ་གློ་སྒྲིག་ལ་མི་གྲངས་ ༢༤ བཅས་བསྡོམས་པའི་མི་གྲངས་ ༢༩༦༠ རང་ཉིད་གནས་སྡོད་གཞིས་ཆགས་སུ་བདེ་འབྱོར་བྱུང་ཡོད་པ་རེད།
ཕྱོགས་མཚུངས་ཛ་དྲག་དཀའ་ངལ་འདི་བཞིན་སེལ་ཐབས་སླད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བཀའ་ཤག་ནས་བཀོད་ཁྱབ་ཕེབས་དགོངས་བཞིན། ནང་སྲིད་ལས་ཁུངས་ཀྱི་བཀའ་མངགས་འོག་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་འབྲེལ་ཡོད་རྒྱ་གར་ལས་ཁུངས་སོ་སོ་ནས་འགྲུལ་སྐྱོད་ཆོག་མཆན་མཁོ་སྤྲོད་གནང་བ་མ་ཟད། རང་རིགས་ཉམ་ཐག་དབུལ་ཕོངས་དཀའ་ངལ་ཅན་རྣམས་ལ་དམིགས་བསལ་འཚོ་སྣོན་དང་། བཟའ་ཆས་རིགས་སོགས་ཀྱི་ངལ་སེལ་མཐུན་འགྱུར་ཡང་གང་ཐུབ་གནང་ཡོད།
ད་ལྟའི་ཆར་རྒྱ་གར་ནང་ཉིན་རེའི་བཞིན་ནད་ཡམས་མུ་མཐུད་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར། ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་ཁྱབ་ཁོངས་རྒྱ་གར་གྱི་མངའ་སྡེ་དང་རྫོང་ལས་ཁུངས་སོགས་ཀྱི་ལམ་སྟོན་བཀོད་ཁྱབ་དགོངས་དོན། གཞིས་ཆགས་སོ་སོར་ནད་ཡམས་སྔོན་འགོག་རྒྱ་གང་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད། གཞིས་ཆགས་ནང་ཕྱི་ནས་འབྱོར་བའི་བོད་མི་རྣམས་ཐད་ཀར་རང་ཁྱིམ་དུ་མ་བཏང་བར་གཞིས་ཆགས་སོ་སོའི་ནང་ཆེད་འཛུགས་གནང་བའི་སྤྱི་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་སྟེ་ནད་འབུ་ཡོད་མེད་ཀྱི་བརྟག་དཔྱད་ཞིབ་རྒྱས་གནང་བཞིན་ཡོད་པ་བཅས། །