ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་སྲིད་འཛིན་ཟུར་པ་སྐུ་ཞབས་ལིའི་ཏེང་ཧུའེ་ལགས་དགོངས་པ་རྫོགས་ནས་གཞུང་འབྲེལ་དང་། ཕྱི་རྒྱལ་དཔོན་རིགས། ཐེ་ཝན་མི་མང་བཅས་ཀྱིས་དམ་པ་དེའི་མཛད་རྗེས་ལ་དྲན་གསོ་དང་མྱ་ངན་གུས་འདུད་མཚོན་ཆེད་ཐེ་པེ་གསོལ་མགྲོན་ཁང་དུ་དམ་པ་གང་དེའི་སྐུ་པར་མདུན་མེ་ཏོག་སོགས་འབུལ་རྒྱུའི་གཞུང་འབྲེལ་ལས་རིམ་གོ་སྒྲིག་གནང་ཡོད་པ་ལྟར། ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཐེ་ཝན་དོན་གཅོད་ཀྱིས་གཙོས་དོན་ཁང་གི་ལས་བྱེད་རྣམས་སྲིད་འཛིན་དམ་པ་དེར་མྱ་ངན་གུས་འདུད་དང་། སྐུ་པར་མདུན་བོད་ལུགས་དཀར་གཙང་མཇལ་དར་ཕུལ་ཡོད་པ་རེད།
དེ་ཡང་སྐུ་ཞབས་ལིའི་ཏེང་ཧུའེ་སྲིད་འཛིན་ལས་ཐོག་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ནང་ལོ་ངོ་ཉི་ཤུ་ལྷག་དཀའ་ངལ་འཕྲད་པའི་བོད་སོག་ལས་ཁུངས་ཀྱི་དཀའ་རྙོག་དེ་དག་མཚམས་འཇོག་བྱེད་དུ་བཅུག་པ་དང་། ཕྱི་ལོ་ ༡༩༩༧ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་རྒྱུས་རང་བཞིན་ལྡན་པའི་ཐེ་ཝན་ནང་གདན་ཞུ་དང་མཇལ་འཕྲད། དེ་རྗེས་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་༸གོང་ས་མཆོག་གི་མཚན་ཐོག་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་ཐུབ་ཡོད་པ་མ་ཟད། ད་བར་ཐེ་ཝན་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་དབར་འབྲེལ་ལམ་དམ་ཟབ་གནས་ཐུབ་པ་བྱུང་ཡོད།
སྲིད་འཛིན་ཟུར་པ་ལིའི་ཏེང་ཧུའེ་དགོངས་པ་རྫོགས་པར་༸གོང་ས་མཆོག་གིས་ཁོང་གི་སྐུ་ཟླའི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མཚན་ཐོག་ནས་དམ་པ་དེར་མྱ་ངན་གྱི་འཚམས་འཕྲིན་གནང་ཡོད་པ་བཅས། །