ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་རིག་གཞུང་ལྷན་ཁང་གིས་གཙོ་གཉེར་ཐོག་དབྱར་དུས་སློབ་གྲྭའི་གུང་སེང་དང་བསྟུན་ཕྱི་ཟླ་ ༨ ཚེས་ ༦ ནས་ཚེས་ ༡༤ བར་རིག་གཞུང་ལྷན་ཁང་བོད་སོག་རིག་གཞུང་བཤམས་སྟོན་ཁང་ནང་༼མཉམ་དུ་འབྲོག་པའི་འཚོ་བ་རོལ།༽ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་གྱི་སློབ་ཆུང་དང་། སློབ་འབྲིང་། མཐོ་སློབ་བཅས་སྡེ་ཚན་ཁག་གསུམ་དབྱེ་བགོས་ཀྱིས་སློབ་ཕྲུག་རྣམས་ལ་བོད་དང་། སོག་པོ་མི་རིགས་གཙོ་བོ་བྱས་པའི་རིག་གཞུང་སྣ་མང་ངོ་སྤྲོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ཚེས་ ༦ ཉིན་མཐོ་སློབ་ཀྱི་སྡེ་ཚན་ཁོངས་༼གངས་ལྗོངས་ས་མཐོའི་ཐོག་གི་བོད་མི་རིགས་ཀྱི་རིག་གཞུང་།༽ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་གདན་ཞུ་གནང་དོན་ལྟར། སློབ་ཕྲུག་རྣམས་ལ་ལོ་རྒྱུས་ཐོག་རྒྱ་དམར་ནག་གཉིས་ཀྱིས་བོད་ས་དབྱེ་བགོས་བྱས་པའི་ས་ཁྲའི་ཐོག་ནས་བོད་ཀྱི་ཡུལ་བབ་དང་། སྐད་ཡིག འཚོ་བ། གཉེན་སྒྲིག ཕུང་འཇུག བོད་མིའི་བསམ་བློའི་འཁྱེར་སོ་སོགས་རྒྱ་མི་རིགས་དང་ཁག་ཁག་ཡིན་པ་འདྲ་པར་དང་འབྲེལ་ཆུ་ཚོད་གཅིག་ལྷག་ངོ་སྤྲོད་གནང་རྗེས། སྐར་མ་བཞི་བཅུ་ཙམ་རིང་སློབ་ཕྲུག་ཚོའི་དྲི་བར་ལན་འདེབས་དང་གསལ་བཤད་བཅས་གནང་ཡོད་པ་བཅས། །