ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་ལས་ཁུར་ཞུས་ནས་ད་ཆ་ལོ་བཞི་ཧྲིལ་པོ་འཁོར་བར་བརྟེན། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཆོས་རིག་ལས་ཁུངས་ཀྱིས་འདས་པའི་ལོ་ངོ་བཞིའི་ནང་ལས་དོན་གལ་ཆེ་བ་གང་དང་གང་བསྒྲུབས་ཡོད་པ་དང་། མ་འོངས་འཆར་སྣང་སོགས་ཀྱི་སྐོར་བོད་ཀྱི་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
གསར་འགོད་པས། འདས་པའི་དུས་ཡུན་ལོ་བཞིའི་ནང་ཆོས་རིག་ལས་ཁུངས་ནས་ལས་དོན་གལ་ཆེ་བ་གང་དང་གང་བསྒྲུབས་ཡོད་པ་དང་། གྲུབ་འབྲས་ལེགས་སོན་བྱུང་བ་གང་གནང་ཡོད་དམ།
ཆོས་རིག་བཀའ་བློན་མཆོག་གིས། ཐོག་མར་དུས་ཡུན་ལོ་བཞིའི་རིང་ཆོས་རིག་ལས་ཁུངས་ནས་ལས་དོན་གཙོ་ཆེ་བ་གང་སྤེལ་བ་རྣམས་ཀྱི་སྐོར་ལ་སྙིང་བསྡུས་ཤིག་སྙན་སེང་ཞུ་རྒྱུ་ཡིན། དང་པོ་ཆོས་ཕྱོགས་ཀྱི་ལས་དོན་ནང་ནས། ཆོས་རིག་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་ནང་ཕྱི་ལོ་ ༡༩༥༩ ཚུན་ཆད་ལ་དགོན་པ་གསར་པ་བཞེངས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སུ་དགོན་སྡེ་དེབ་སྐྱེལ་བྱེད་པ་ཁྱོན་བསྡོམས་ ༢༨༡ དང་། འདས་པའི་དུས་ཡུན་ལོ་བཞིའི་ནང་གྲངས་ཐོ་ ༡༥ ཙམ་འཕར་བ་ལྟ་བུ་འདུག དེའི་ཁོངས་ནས་དགེ་འདུན་པའི་དགོན་པ་ ༢༤༦ དང་བཙུན་དགོན་ ༣༥ འདུག གྲྭ་བ་གྲངས་ ༣༦༢༠༤ དང་བཙུན་མ་གྲངས་ ༤༤༢༧ ། སྔགས་འཆང་ཕོ་མོ་བསྡོམས་པའི་ ༣༠༧ བཅས་ཁྱོན་བསྡོམས་ ༤༠༩༣༨ ཡོད། སྤྱིར་ཚང་མས་མཁྱེན་གསལ་ལྟར། དགོན་སྡེ་ཁག་གི་གྲངས་ཐོ་ཕྲན་བུ་མང་དུ་འགྲོ་གི་ཡོད། འོན་ཀྱང་གྲྭ་རྒྱུན་དང་བཙུན་མའི་གྲངས་ཀ་གང་ཙམ་ཉུང་དུ་འགྲོ་བའི་གནས་སྟངས་ཆགས་ཡོད། བརྒྱ་ཆ་བགོས་ནས་ཞུ་ཚེ་དགོན་སྡེ་ཁག་གི་ནང་བོད་པ་བརྒྱ་ཆ་ ༣༢ དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བརྒྱ་ཆ་ ༦༥ ། གཞན་སོག་པོ་སོགས་བརྒྱ་ཆ་ ༣ ཡོད།
ཐོག་མར་ཆོས་རིག་ལས་ཁུངས་ཀྱི་ལས་དོན་གལ་ཆེ་བ་གཅིག་ནི། བླ་ལྷའི་བཀའ་སློབ་དགོངས་དོན་བཞིན། ༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་བསྒྲུབ་རྒྱུ་དང་། དེ་བཞིན་གུ་རུ་འབུམ་ཚོགས་དང་ཆོས་འཕྲུལ་སྨོན་ལམ་ལ་སོགས་པའི་གཞུང་འབྲེལ་གྱི་སྨོན་ལམ་མཆོད་འབུལ་སྣ་མང་ཡོད་པ་དེ་དག་བསྒྲུབ་རྒྱུ་དང་། དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་སློབ་ཡོན་འབུལ་རྒྱུ་ཞིག་ཡོད་པ་དེའི་ནང་བོད་ནས་གསར་དུ་ཕེབས་མཁན་གྱི་གྲྭ་བཙུན་དང་རུ་སོག་གི་གྲྭ་རྒྱུན། འདི་ལོ་ནས་བཟུང་ཧི་མ་ལ་ཡ་རི་རྒྱུད་མི་རིགས་ཀྱི་གྲྭ་རྒྱུན་བཅས་ཁྱོན་ ༣༦༠༠ ཙམ་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་གྱི་ཡོད། དེའི་ཁོངས་ནས་བོད་ནས་གསར་དུ་ཕེབས་མཁན་གྲྭ་གྲངས་ནི་ང་ཚོས་སློབ་ཡོན་འབུལ་ས་ ༣༠༠༠ ཙམ་ཡོད་ནའང་གྲངས་ཀ་ངོ་མ་དེ་ལས་མང་བ་ ༣༣༠༠ ཙམ་ཡོད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ ༣༠༠ ཙམ་ལ་སློབ་ཡོན་མཐུན་རྐྱེན་གནང་གི་ཡོད།
སྔ་འཕྲོས་རིང་ཧི་མ་ལ་ཡ་རི་རྒྱུད་ཀྱི་གྲྭ་རྒྱུན་གྲངས་ ༥༠༠ ཙམ་ལ་ད་ལོ་ནས་བཟུང་སློབ་ཡོན་སྤྲོད་འགོ་བཙུགས་ཡོད། དཔེ་ཁྲིད་དགེ་རྒན་དང་བོད་ཀྱི་སྐད་ཡིག ཚན་རིག རྒྱ་ཡིག་དགེ་རྒན་ལ་སོགས་ཁྱོན་མི་གྲངས་ ༥༢༢ ལ་གསོལ་ཕོགས་ཕུལ་ཡོད། ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་མཁན་པོ། མཁན་ཟུར་ལ་སོགས་ ༦༢ ལ་མཚན་དོད་ཕུལ་ཡོད། འདས་པའི་ལོ་བཞིའི་ནང་ཆོས་སྐྱོང་བཅུ་དང་། ད་ཡོད་སྐུ་བསྟེན་དྲུག སྐུ་བསྟེན་ཁ་ཤས་ལ་ཆོས་སྐྱོང་གཉིས་ཙམ་ཕེབས་ཀྱི་ཡོད་པ་དེ་དག་ལ་གསོལ་ཕོགས་དོད་ཕུལ་དང་འབུལ་བཞིན་པ་ཡིན། བགོ་སྟངས་མཁྱེན་རྟོགས་སླད་ཞུ་རྒྱུར། བརྟན་བཞུགས་དང་ལོ་གསར་སྐབས་གཟབ་གསོལ་སྤྱན་འདྲེན་ཞུ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀའ་སློབ་དགོངས་པ་གཞིར་བཟུང་བར་ལམ་ནས་ཆོས་སྐྱོང་དང་སྐུ་བསྟེན་མང་དུ་ཕྱིན་ཡོད།
གཞུང་རང་གི་གནས་དགའ་གཉིས་ཡོད། དཔལ་ལྡན་ལྷ་མོའི་སྐུ་བསྟེན་ཕེབས་རྒྱུ་མེད་སྟབས་དཀོན་མཆོག་གོང་ཕུད་རེད། བར་ལམ་ནས་མང་དུ་ཕྱིན་པ་དེར་དགོངས་ཚུལ་ཡོང་གི་ཡོད་ན། དགོས་པ་རྒྱུ་མཚན་གཙོ་བོ་ནི། བོད་བསྟན་སྲིད་ཀྱི་ལས་དོན་རྣམས་གནའ་སྔ་མོ་ནས་ལྷ་མི་ཟུང་སྦྲེལ་ཐོག་ནས་ཡིན་སྟབས། དུས་ནས་དུས་སུ་གང་ས་ཅི་ཐད་ནས་ལྷ་མི་ཟུང་སྦྲེལ་ཐོག་ནས་ཁ་བཤད་གཉིས་མེད་ཀྱི་སྒོ་ནས་གནང་རྒྱུའི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད། དེ་བཞིན་གཞུང་རང་ནས་བཞེངས་པའི་གུ་རུའི་ལྷ་ཁང་ ༥ ཡོད། དེ་མིན་པའི་གཞིས་དགོན་ཁག་གཅིག་དང་དགོན་པ་གཞན་ཁག་གཅིག་བཅས་ཁྱོན་དཀོན་གཉེར་ ༢༠ ལ་གསོལ་ཕོགས་རྟག་པར་འབུལ་གྱི་ཡོད།
དེ་ནས་ཆོས་རྒྱགས་དོད་སྤྱིར་བཏང་བྱས་ན་འཚོ་སྣོན་ལྟ་བུ་རེད། འོན་ཀྱང་ཆོས་ཕྱོགས་ཀྱི་ཆ་ནས་ཆོས་རྒྱགས་དོད་དེ་ཁ་ཐོར་བྱ་བྲལ་གྱི་གཉན་མཚམས་པ་དང་། དགུང་ལོ་དྲུག་བཅུ་ཡན་གྱི་གྲྭ་བཙུན་རྒན་པ་ ༥༦༤ ལ་ཆོས་རྒྱགས་འབུལ་གྱི་ཡོད། འདས་པའི་ལོ་བཞིའི་ནང་དགོན་པ་ ༣༥ ཉམས་གཟོའི་རོགས་སྐྱོར་ཞུས་ཡོད། དེ་བཞིན་གཞུང་ཆེན་གྱི་རིས་མེད་བགྲོ་གླེང་ཚོགས་འདུ་དེ་སྔ་ཆོས་ཚོགས་ཀྱི་གྲོས་ཆོད་དང་བཀའ་སློབ་དགོངས་དོན་ལྟར་ལོ་རེར་ཐེངས་རེ་འཚོགས་དགོས་ཀྱི་ཡོད། ཕྱི་ལོ་ ༢༠༡༧ ཚུན་ཆད་ཐེངས་གཉིས་ཚོགས་ཐུབ་པ་བྱུང་སོང་། ཐེངས་གསུམ་པ་དེ་ཏོག་དབྱིབས་གཉན་རིམས་རྐྱེན་པས་ད་བར་ཚོགས་ཐུབ་མེད། ཚོགས་ཡུལ་འདི་བཞིན་ཆོས་བརྒྱུད་སོ་སོའི་གདན་ས་མི་འདྲ་བ་འཁེལ་གྱི་ཡོད་པ་དང་མཉམ་ཞུགས་གནང་མཁན་ ༡༠༠ ནས་ ༢༠༠ བར་ཡོད། ད་བར་གཞུང་ཆེན་ལྔ་བང་རིམ་བྱས་ནས་འགྲོ་བཞིན་ཡོད།
ལས་གཞི་གལ་ཆེ་བ་ཞིག་ནི། ཆོས་སྡེ་ཁག་དང་དགོན་སྡེ་ཁག་ནང་སོ་སོའི་འགྲོ་སྟངས་ཆ་ནས་འགྲིག་ཐག་གཅོད་ཡོད། ཁྱིམ་པ་ཕོ་མོའི་ནང་ནས་ཤེས་ཡོན་ཡག་པོ་ཡོད་མཁན་གཞོན་སྐྱེས་ཁྲོད་ནང་པའི་ལྟ་གྲུབ་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད་པའི་བཀའ་སློབ་རིམ་པ་ཕེབས་ཡོད་པ་དང། ལོ་མང་པོ་གོང་ནས་ས་གནས་ཁག་ཏུ་ནང་པའི་ལྟ་གྲུབ་ངོ་སྤྲོད་བྱེད་རྒྱུ་འགོ་བཙུགས་ཡོད་སྟབས། བཀའ་ཤག་སྐབས་ ༡༥ དུས་ཡུན་ནང་ས་གནས་ཁག་ ༣༩ ནང་དེ་སྔོན་ཡོད་པ་ལྟར་མ་དངུལ་བཙུགས་ཏེ་ས་གནས་སོ་སོར་ནང་པའི་ལྟ་གྲུབ་ངོ་སྤྲོད་བྱེད་རྒྱུའི་ལས་རིམ་འགྲོ་དང་འགྲོ་མུས་ཡིན། རྒྱ་གར་ནང་གི་མཐོ་སློབ་ཁག་ཏུ་སློབ་ཕྲུག་མང་པོ་ཞིག་ཡོད་པ་དེ་དག་ས་གནས་གཅིག་ཏུ་བསྡུས་མི་ཐུབ་པར་བརྟེན་མཐོ་སློབ་སོ་སོར་མཁས་དབང་གདན་འདྲེན་ཞུས་ཏེ་ནང་པའི་ལྟ་གྲུབ་ངོ་སྤྲོད་ཞུ་བཞིན་ཡོད།
གཞན་ཡང་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་སྦྲེལ་ཐོག་བོད་རིགས་གཞོན་སྐྱེས་མཐོ་སློབ་ཐོན་པ་ཁག་གཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་སྐོར་ཟླ་དྲུག་ཟབ་སྦྱོང་ཞིག་གནང་གི་ཡོད། ༸རྒྱལ་བའི་བཀའ་སློབ་དགོངས་དོན་དང་དུས་ཚོད་ཀྱི་གནས་སྟངས་ལྟར་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་གཉིས་ཟུང་སྦྲེལ་ཐོག་གྲྭ་བཙུན་རྣམས་ལ་ལོ་རེར་ཚན་རིག་ཟབ་སྦྱོང་བདུན་ཕྲག་གཉིས་རིང་གནང་དང་གནང་མུས་རེད། ཆོས་རིག་ལས་ཁུངས་ནས་རྒྱལ་སྤྱིའི་ཐོག་ད་ལྟའི་ཆར་ཚོགས་པ་གལ་ཆེ་བ་གསུམ་ཡོད།
ཨེ་ཤེ་ཡ་ཞི་བདེ་ནང་པའི་ཆོས་ཚོགས་ནང་བརྒྱད་ཅུ་གྱ་གྲངས་ནས་འགན་འཛིན་ཚོགས་མི་གྲས་སུ་སླེབས་ཏེ་ཆོས་རིག་ལས་ཁུངས་དང་ལྷན་དུ་འགྲོ་བཞིན་ཡོད། ཕྱིས་སུ་ཨུ་རུ་སུའི་ནང་དམར་ཤོག་འགྱུར་བ་ཆེན་པོ་ཕྱིན་རྗེས་ཆོས་ཚོགས་འདི་བཞིན་ཉམས་རྒུད་ཕྲན་བུ་ཕྱིན་ཡོད། འོན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བར་ལམ་ལོ་ཤས་གོང་ནས་ཨེ་ཤེ་ཡའི་ཞི་བདེ་ནང་པའི་ལྷན་ཚོགས་སླར་གསོ་དགོས་སྐོར་བཀའ་སློབ་ཕེབས་པ་ལྟར་རྒྱ་གར་གྱི་ཡན་ལག་སྡེ་ཚན་གཅིག་དང་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད། མ་དགོན་སོག་ཡུལ་ནང་ཡོད་པ་དེ་དག་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་འདུ་ཞིག་བསྐོང་ཚོགས་ཀྱིས་སླར་གསོ་བྱེད་ཐུབ་ཡོད། ཕྱི་ལོ་ ༢༠༡༩ ལོར་ཚོགས་འདུ་རྒྱས་ཤོས་དེ་སོག་ཡུལ་དུ་ཚོགས་པ་དང་། དེའི་ནང་སྔར་དང་མི་འདྲ་བ་བོད་པའི་ཆོས་བརྒྱུད་ཚང་མའི་སྐུ་ཚབ་ལྷན་འཛོམས་གནང་ཡོད།
ཆོས་ཚོགས་གཉིས་པ་ནི། International Buddhist Confederation ཞེས་པའི་ཚོགས་པ་དེ་བཞིན་གང་ས་ཅི་ཐད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་འབྲེལ་ནས་རྒྱ་གར་གྱི་དམིགས་བསལ་ཐུགས་འཁུར་བཞེས་ཏེ་བཙུགས་པ་ཞིག་ཡིན། ཆོས་ཚོགས་འདི་བཞིན་ཐོག་མར་འགོ་འཛུགས་སྐབས་ང་ཚོ་རྒྱལ་ཁབ་ཅིག་ཡིན་པ་ལྟར་ཚོགས་གཙོའི་གྲས་ལ་ཕེབས་ཐུབ་པ་དང་། ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་ལས་འགན་དེ་བཞིན་རེས་མོས་བྱེད་དགོས་ཀྱི་ཡོད་པ་དང་། སྐབས་དེ་དུས་ང་ཚོར་གདན་ཐོབ་དང་གནས་བབ་གཅིག་མཚུངས་ལྟར་ཐོབ་ཡོད། ང་ཚོའི་སྐབས་ཚོགས་ཆེན་ཐེངས་གཉིས་ཚོགས་ཡོད། ད་ཆ་ནད་ཡམས་ཀྱི་རྐྱེན་པས་ལྡི་ལི་ནས་ཆོས་འཁོར་དུས་ཆེན་དང་ས་ག་ཟླ་བའི་དུས་ཆེན་སྐབས་འཛམ་གླིང་ཁྱོན་ཡོངས་ལ་དྲ་ལམ་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་པ་དེར་ང་ཚོ་མཉམ་ཞུགས་ཀྱང་གནང་བ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩལ་ཡོད།
ཆོས་ཚོགས་གསུམ་ནི། World Fellowship of Buddhist ཞེས་པའི་ཆོས་ཚོགས་དེའི་ནང་ང་ཚོ་བརྒྱད་ཅུ་གྱ་གྲངས་ནས་འགན་འཛིན་ཚོགས་མི་གྲས་སུ་ཡོད་པ་རེད། བར་ལམ་ཞིག་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་ཐོག་ནས་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད། ཕྱི་ལོ་ ༢༠༡༨ ལོར་ཨ་རིར་ཚོགས་འདུ་ཞིག་འཚོགས་པའི་སྐབས་དམིགས་བསལ་གྱི་གནད་འགག་བརྩིས་ཏེ་ཕྱིན་པ་ཡིན། གོང་གི་ཆོས་ཚོགས་གསུམ་ནང་འཐུས་ཤོར་མེད་པའི་ཐོག་ནས་མཉམ་ཞུགས་བྱས་དང་བྱེད་མུས་ཡིན།
ལོ་བཞི་ནང་དམིགས་བསལ་གྲུབ་འབྲས་ཁག་ནི། ཕྲན་རང་ཉིད་ཆོས་རིག་བཀའ་བློན་དུ་བདམས་ཐོན་བྱུང་བ་ནས་ལས་དོན་གལ་ཆེན་པོ་རྩི་རྒྱུ་ཞིག་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༡ ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་དེ་དག་བཞག་གནང་བ་རེད། འོན་ཀྱང་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་འགྱུར་བ་ཁྱོན་ནས་ཕྱིན་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་བཞུགས་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་ཞུའི་མཇལ་བཅར་དང་བཀའ་སློབ་ལམ་སྟོན་ཞུ་དགོས་ཁག་ཞུས་ཏེ་གནད་དོན་གསུམ་གྱི་ཐོག་ལ་སྙན་སེང་ཞུས་པ་ཡིན། མར་བཀའ་སློབ་གང་ཕེབས་པ་རྣམས་ལག་བསྟར་ཞུས་པ་ཡིན། ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཡོངས་ལ་འཚམས་ཞུའི་མཇལ་བཅར་དང་བཀའ་སློབ་ཞུས་ཐུབ་པ་བྱུང་ཡོད། ལྷག་པར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པའི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་དང་ཆོས་རིག་ལས་ཁུངས་དབར་དམ་ཚིག་ཟབ་པོ་དང་བརྟན་པོ་གནས་ཡོད། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་ཐུགས་རྗེ་བཀའ་དྲིན་ཧ་ཅང་ཆེན་པོ་གནང་བཞིན་ཡོད།
བཀའ་བློན་དུས་ཡུན་རིང་དགོན་སྡེ་ཁག་ཚང་མར་བཅར་རྒྱུ་གལ་ཆེན་པོ་བརྩིས་པའི་ཐོག་ནས་བཅར་བ་ཡིན། བལ་ཡུལ་དང་འབྲུག་ནང་སྲིད་དོན་གྱི་གནས་སྟངས་རྐྱེན་པས་བཅར་ཐུབ་མ་སོང་། དེ་བཞིན་རྒྱ་གར་ནང་ནད་ཡམས་ཀྱི་རྐྱེན་པས་རྡ་ས་ཁུལ་གྱི་དགོན་པ་བདུན་བརྒྱད་ཙམ་ལ་བཅར་རྒྱུ་ལྷག་ཡོད། དེ་མིན་དགོན་སྡེ་ཁག་ཡོངས་ལ་འཚམས་འདྲི་ལྟ་སྐོར་དང་། གནས་སྟངས་ལྟ་རྟོག སྐད་ཆ་ཉན་རྒྱུ་སོགས་ཀྱི་བརྒྱུད་ནས་གནས་སྟངས་ཡག་པོ་གོ་རྟོགས་ཡོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞི་རྣམས་འགྲེལ་བཤད་བརྒྱག་རྒྱུ་དང་། དོགས་པ་རྣམ་རྟོག་མི་དགོས་པ་མང་པོ་ཞིག་སེལ་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་། དེ་དག་བརྟེན་ནས་དགོན་སྡེ་ཁག་དང་ཆོས་རིག་ལས་ཁུངས་དབར་སྔར་ལྷག་འབྲེལ་བ་བཟང་དུ་ཕྱིན་ཡོད།
གནས་ཚུལ་གལ་ཆེ་བ་གཅིག་ནི། དུས་འཁོར་དབང་ཆེན་ཐེངས་ ༣༤ ཕྱི་ལོ་ ༢༠༡༧ ལོར་གཞུང་འབྲེལ་གྱི་ཐོག་ནས་བཀའ་ཤག་གིས་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཟང་པོ་ཐོབ་ཡོད། གོ་སྒྲིག་འགན་འཁུར་ཆ་ཚང་བོད་མིའི་སྒྲིག་འཛུགས་ནས་བྱས་པ་འདི་ཧ་ལས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲ་སྒྲིག་པོ་དང་ཡག་པོ་ཞིག་བྱུང་ཡོད་པ་མ་ཟད། ཧ་ཅང་སྐལ་པ་བཟང་པོ་བྱུང་ཡོད། སྐབས་དེར་གློ་བུར་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེན་པོ་གཉིས་ཏེ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་རྐྱེན་པས་ཆོས་ཞུ་བ་མ་བཏང་བ་དང་།རྒྱ་གར་དབུས་གཞུང་གིས་དངུལ་རྙིང་པ་ ༥༠༠ དང་ ༡༠༠༠ ལོར་ཁྱོན་ཡོངས་ནས་ལེན་མཚམས
ད་རེས་དུས་འཁོར་དབང་ཆེན་སྐབས་སྔར་དང་མི་འདྲ་བ་གཅིག་ནི། དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་ཤག་གི་དགོངས་པ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་བརྙན་འཕྲིན་བརྒྱུད་ཐད་ཀར་མཇལ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད། དེ་བཞིན་གནས་སྐོར་དང་གསུང་ཆོས་ཞུ་ཆེད་དངོས་སུ་བཅར་འདོད་ཤུགས་ཆེ་ཡོད་ནའང་དཔལ་འབྱོར་གནས་སྟངས་སོགས་ལ་བརྟེན་ནས་བཅར་མི་ཐུབ་མཁན་རྒན་འཁོགས་དང་ཉམ་ཐག བོད་ནས་གསར་དུ་ཕེབས་མཁན་ཤེས་རབ་དགའ་འཚལ་སློབ་གླིང་གི་སློབ་ཕྲུག གྲྭ་བཙུན་བཅས་སྡེ་ཚན་བཞི་ལ་གཞིས་ཆགས་སོ་སོ་ནས་གོ་སྒྲིག་ཞུས་ཡོད། སྐབས་དེར་བྷི་ཧར་མངའ་སྡེའི་གཞུང་དང་རྫོང་། བཀའ་ཤག དགའ་ལྡན་ཕོ་བྲང་ཡིག་ཚང་། འབྲེལ་ཡོད་ལས་ཁུངས་ཁག སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། དགེ་ལུགས་སྨོན་ལམ་ཚོགས་ཆུང་སོགས་ནས་མཐུན་འགྱུར་གནང་ཡོད།
གལ་ཆེ་བ་ཞིག་ནི། སྐབས་དེ་དུས་གྲ་སྒྲིག་ཡོངས་རྫོགས་སྒྲིག་འཛུགས་རང་གི་ཐོག་ནས་གནང་བ་ཞིག་ཡིན་སྟབས། ལས་དོན་ཚོགས་ཆུང་མང་པོ་ཞིག་ལ་བགོ་བཤའ་བརྒྱབ་ནས་འགོ་ཁྲིད་མཁན་དེ་དྲུང་ཆེ་དང་དྲུང་འཕར་བསྐོ་གཞག་གནང་ནས་ཚོགས་ཆུང་བཙུགས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་མང་པོ་ཞིག་དེའི་ནང་ཞུགས་ནས་ཉིན་གྲངས་ཉི་ཤུ་རྩ་གྲངས་རིང་ཉིན་མཚན་ལྟོས་མེད་ལྷག་བསམ་རྣམ་དག་ཐོག་གིས་དཀའ་ལས་བརྒྱབ་ཡོད་པར་བརྟེན་དུས་འཁོར་དབང་ཆེན་ཐེངས་ ༣༤ འདི་བཞིན་གྲ་སྒྲིག་པོ་དང་ཡག་པོ་བྱུང་ཐུབ་ཡོད། ངས་དེ་རིང་གོ་སྐབས་འདི་བརྒྱུད་གོང་དུ་ཞུས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པ། དྭང་སློབ། དེ་བཞིན་ཕྱི་ནང་གི་དྭང་བླངས་སྡེ་ཚན་བཅས་ཀྱིས་འཕྱར་གྲུ་མཉམ་འདེགས་གནང་སྟབས། དུས་འཁོར་དབང་ཆེན་ཐེངས་ ༣༤ འདི་བཞིན་ལོ་རྒྱུས་རང་བཞིན་ལྡན་པ་དང་། ཕྱི་ནང་སུས་བལྟས་པ་ཡིན་ནའང་ཧ་ཅང་ཡག་པོ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༨ ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ཀེག་འཁེལ་ཡོད། དེ་ཡང་ཕྱི་ལོ་ ༢༠༡༨ ལོར་དགུང་ཀེག་སྔ་བསུ་དང་། ཕྱི་ལོ་ ༢༠༡༩ ལོར་དངོས་གཞི། ཕྱི་ལོ་ ༢༠༢༠ ལོར་༸རྒྱལ་བའི་དགུང་ཀེག་ཕྱི་མཇུག་འགྲོ་དང་འགྲོ་བཞིན་པ་རེད། ནམ་རྒྱུན་ལྷ་དང་ལྷ་མིའི་བཀའ་ལུང་ཞུ་རྒྱུ་ཡོད་པ་ནང་ལྟར་སྐབས་དེར་དམིགས་བསལ་བླ་ཆེན་དབུ་ཁྲིད་རྣམ་པ་ཚང་མར་ཐུགས་དམ་ཞུས་པ། ཆོས་སྐྱོང་ཁག་ལ་བཀའ་ལུང་ཞུས་ཏེ་དམིགས་བསལ་ཞབས་རིམ་གང་བབས་པ་རྣམས་འཐུས་ཤོར་མེད་པ་བསྒྲུབས་ཡོད་པའི་ནང་ནས་མང་པོ་ཞིག་དགོན་སྡེ་གྲྭ་ཚང་ཁག་ལ་སྐྱབས་མཇུག་ཞུས་ཏེ་སྒྲུབ་ཀྱི་ཡོད། མང་པོ་ཞིག་མང་ཚོགས་ཀྱི་ངོས་ནས་གསོག་སྒྲུབ་བྱེད་རྒྱུ་རིགས་ཡོད་པ་དེ་དག་གང་ཡོང་ཅི་ཡོང་བྱས་ནས་སྨིན་སྒྲུབ་ཞུས་ཡོད། ཕྱོགས་མཚུངས་ཆོས་སྐྱོང་ཁག་གིས་གཞུང་མང་གཉིས་ནས་བརྟན་བཞུགས་འབུལ་དགོས་པའི་བཀའ་ལུང་ཡོད། བཀའ་ཤག་གི་དུས་ཡུན་འདིའི་རིང་གཞུང་འབྲེལ་བརྟན་བཞུགས་ཐེངས་གསུམ་འབུལ་ཐུབ་པ་བྱུང་ཡོད།
གཞན་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་བསྐོང་ཚོགས་གནང་ཡོད། དེ་ཡང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཐུབ་པ་ནི། ༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གལ་ཆེན་པོ་གསུམ་གྱི་ཐོག་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དབུ་ཁྲིད་རྣམ་པ་དང་ཚོགས་བཅར་ཚང་མས་སྤྱི་མོས་ཐོག་ནས་དམིགས་བསལ་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད་པ་མ་ཟད། ཆོས་ཚོགས་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་དེ་ད་ལྟའི་བསྟན་པ་སྤྱི་དང་བྱེ་བྲག་གི་གནས་སྟངས་དང་འབྲེལ་བའི་ཆུ་ཚོད་གཅིག་མིན་ཙམ་གྱི་བཀའ་སློབ་གཟབ་རྒྱས་སྩལ་ཡོད་པ་དང་། སྐབས་དེར་བསྟན་བདག་བླ་ཆེན་རྣམས་ནས་ཀྱང་བཀའ་སློབ་ཕེབས་ཡོད། ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ཞེས་པའི་ཚོགས་ཁང་གསར་པ་དེ་དང་། དེའི་གཡས་གཡོན་ལ་ལས་ཁུངས་ཆེད་ཁང་པ་གསར་པ་མང་པོ་ཞིག་བཞེངས་ཡོད་པ་རྣམས་ལ་མགོན་པོ་གང་ཉིད་མཆོག་གི་བྱིན་རླབས་དང་རབ་གནས་ཐོབ་པ་སོགས་ཆོས་ཚོགས་འདི་ལ་བརྟེན་ནས་བྱུང་ཡོད།
གཞན་ཡང་ཕྱི་ལོ་ ༢༠༡༨ ལོར་དགུང་ཀེག་འགོ་བཙུགས་པའི་སྐབས་བརྟན་བཞུགས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོའི་སྒང་ལ་༸རྒྱལ་བའི་དགུང་ཀེག་སྔ་དངོས་ཕྱི་གསུམ་གྱི་ཐོག་སྐུ་སྒེར་བར་ཆད་གང་ཡོད་པ་ཞི་ཐབས་སུ་བཀའ་ཤག་ནས་སྤྱི་མཐུན་གྱི་བསོད་ནམས་
རིས་མེད་ཀྱི་དགོན་སྡེ་ ༡༠༠ ཐམ་པར་དཀོན་གཉེར་གྱི་གསོལ་ཕོགས་འབུལ་རྒྱུ་འགོ་བཙུགས་ཡོད། དགོན་པ་ ༦༤ ཉམས་གསོ་སླད་ཧིན་སྒོར་འབུམ་བརྒྱ་ཙམ་འགྲོ་གྲོན་བཏང་བ་དེ་དག་༸རྒྱལ་བའི་དགུང་ཀེག་དང་། དུས་དང་མཐུན་པའི་བསྟན་པ་སླར་གསོ་ཡོང་རྒྱུར་དམིགས་ཏེ་བཀའ་ཤག་གི་དགོངས་པ་བཞེས་ནས་འགྲོ་གྲོན་ཡོངས་རྫོགས་ཆོས་རིག་ལས་ཁུངས་བརྒྱུད་གཞུང་གི་བང་མཛོད་ནས་གསོལ་རས་གནང་བ་ཞིག་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན།
གཞན་ཡང་སྤྱི་ནོར་༸གོང་ལ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྒྱ་གར་ནང་གི་ནང་པའི་གནས་ཆེན་བརྒྱད་ལ་བདེ་བཤེགས་མཆོད་རྟེན་རྣམ་བརྒྱད་གསར་བཞེང་སྐོར་བཀའ་སློབ་ཕེབས་པའི་དགོངས་དོན་བཞིན། ཆོས་རིག་ལས་ཁུངས་ཀྱི་འགན་ཁུར་འོག་འགོ་བཙུགས་ཏེ་བཀའ་ཤག་སྔ་མའི་སྐབས་ལ་མཆོད་བརྟེན་བདུན་ཡག་པོ་བཞེངས་བསྒྲུབས་འདུག འོན་ཀྱང་ གནས་ཆེན་རྒྱལ་པོའི་ཁབ་ Rajgiri ཏུ་དབྱེན་ཟླུམ་མཆོད་བརྟེན་བཞེངས་མ་ཐུབ་པར་ལྷག་འདུག་པ་དེ་རྟགས་དང་རྟེན་འབྲེལ་གྱི་ཆ་ནས་ཁག་པ་དེ་ལྷག་པ་ལྟ་བུ་འདུག ཕྱི་ལོ་ ༢༠༡༧ ལོའི་དུས་འཁོར་དབང་ཆེན་ལེགས་སྒྲིལ་བྱུང་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཞུ་གཏུག་ཐེངས་མང་བྱས་རྗེས་རྒྱལ་པོའི་ཁབ་ཀྱི་ས་གནས་རང་དུ་ས་ཆ་ཐོབ་པ་མ་ཟད། རྒྱལ་པོའི་ཁབ་ཏུ་སྟོན་པ་བཅོམ་ལྡན་འདས་རྒྱུན་རིང་དབྱར་གནས་བཞུགས་པ་དང་། ད་ཆ་སྐྱེས་ཚལ་བཟོས་ཏེ་ཡུལ་སྐོར་སྤྲོ་འཆམ་འགྲོ་སའི་གནས་ཁྱད་པར་ཅན་འོ་མའི་ཚལ་གྱི་དཀྱིལ་དུ་ཕྱི་ལོ་ ༢༠༡༨ ལོར་བཞེངས་ཐུབ་ཡོད།
མཆོད་བརྟེན་རྣམ་བརྒྱད་ཡོངས་སུ་རྫོགས་པ་བཞེངས་ཟིན་རྗེས་བཀའ་བློན་རང་གི་ངོས་ནས་མཆོད་བརྟེན་དེར་དངོས་སུ་བཅར་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། གཞན་རྒྱུན་སྐྱོང་གྱི་ཆོས་ཀྱི་བྱེད་སྒོ་ལ་སོགས་གྲ་སྒྲིག་བྱེད་ཡོད། གལ་ཏེ་རྒྱལ་པོའི་ཁབ་ཏུ་དབྱེན་ཟླུམ་མཆོད་བརྟེན་བཞེངས་མི་ཐུབ་ཚེ་དོགས་པ་རྣམ་རྟོག་མང་པོ་ཞིག་སླེབ་རྒྱུ་རེད་འདུག དབྱེན་ཟླུམ་མཆོད་བརྟེན་འདི་བཞིན་ནང་ཁུལ་མཐུན་མིན་སྐབས་ཞི་འདུམ་སླད་ཡིན་པ་རེད། དེ་སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་དགེ་འདུན་གྱི་དབྱེན་ཞེས་པ་སྡུག་ཤོས་ཤིག་བྱུང་དུས་དེ་ཞི་རྒྱུར་དབྱེན་ཟླུམ་མཆོད་བརྟེན་བཞེངས་པ་དང་། དབྱེན་གྱི་ངེས་པ་རྣམས་ཡོངས་སུ་ཞི་ཐུབ་ཡོད། དེར་བརྟེན་རྟགས་དང་རྟེན་འབྲེལ་གྱི་ཐོག་ནས་བཞེངས་ཐུབ་པ་འདི་ཕྲན་བུ་ཐུགས་ཕན་གསོ་ཐུབ་པ་བྱུང་ཡོད།
༸རྒྱལ་བའི་བཀའ་སློབ་དགོངས་དོན་དང་ཆོས་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་། གཞུང་ཆེན་རིགས་གཅིག་རྐང་འཛིན་ཞིག་གསར་བཏོད་ཀྱི་ཐོག་ནས་ཕྱི་ལོ་ ༢༠༡༣ ལོར་འགོ་བཙུགས་ཏེ་སྐབས་དང་པོ་ཕྱི་ལོ་ ༢༠༡༤ ལོར་འགོ་བཙུགས་ཀྱིས་མཐར་ཕྱི་ལོ་ ༢༠༡༩ ལོར་མཇུག་སྒྲིལ་ཡོད། སྐབས་གཉིས་པ་ཕྱི་ལོ་ ༢༠༡༥ ནས་ད་ཆ་ནད་ཡམས་ཀྱི་རྐྱེན་པའི་མཇུག་སྒྲིལ་ཐུབ་མེད། གཞན་ད་ཆ་ཐོན་ཟིན་པའམ་ཐོན་ལ་ཉེ་བ་ཡིན། མཐའ་མའི་ངག་རྒྱུགས་ཁ་ཤས་ཤིག་ལྷག་ཡོད། མདོར་ན་ད་བར་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐབས་དང་པོ་དང་གཉིས་པའི་ནང་ཐོག་མར་འགོ་བཙུགས་དུས་སློབ་ཕྲུག་ ༡༥ དང་ ༡༠ བཅས་ཁྱོན་ ༢༥ དང་། མཐར་དངོས་སུ་བསླབ་པ་མཐར་སོན་པ་སློབ་ཕྲུག་ ༢༢ ཆགས་ཀྱི་འདུག
དེ་མཚུངས་དགེ་བཤེས་མའི་ལས་འཆར་རེད། དེ་ཡང་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་དང་དེར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འགན་ཁུར་བའི་ཐོག་ནས་ལག་ལེན་བསྟར་ཡོད། ཕྱི་ལོ་ ༢༠༡༧ ལོར་དགེ་བཤེས་མ་སྐབས་དང་པོ་ཐོན་ཐུབ་པ་བྱུང་ཡོད། སྐབས་དེར་དགེ་བཤེས་མ་གྲངས་ ༢༡ ཡོད། དགེ་བཤེས་མ་ཐོན་འགོ་བཙུགས་བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཀའ་ལས་བརྒྱབ་ཡོད། ལས་འཆར་འགོ་བཙུགས་པའི་རྗེས་རིམ་བཞིན་ལས་རིམ་དེ་བཞིན་ཆོས་རིག་ལས་ཁུངས་ནས་མ་ཟིན་པའི་ཐོག་ནས་རང་ཁ་རང་གསོའི་གནས་བབ་ལྟར་ལམ་སྟོན་དང་། སྒྲིག་གཞིའི་བརྒྱུད་ལས་གཞི་དེ་བཞིན་དགེ་བཤེས་མ་རང་གི་ཚོགས་ཆུང་ནས་གནང་གི་ཡོད། ད་ཆ་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་དང་རོགས་སྐྱོར་བྱེད་ཀྱི་ཡོད། ད་བར་དགེ་བཤེས་མ་ཁྱོན་ ༤༣ ཐོན་པ་དང་དེའི་ནང་ནས་རྒྱུད་སྟོད་དུ་ལོ་གཅིག་བསྔགས་ཀྱི་སློབ་སྦྱོང་བྱས་ཏེ་ཐོན་པ་ ༣༣ དགེ་བཤེས་མའི་ལས་འཆར་འདི་བཞིན་བུད་མེད་ནུས་སྟོབས་གོང་འཕེལ་གཏང་རྒྱུའི་ལས་གཞི་གཙོ་བོ་ཞིག་ཆགས་ཀྱི་ཡོད། གང་ས་ཅི་ཐད་ནས་ཕོ་མོ་འདྲ་མཉམ་ཀྱི་གནས་སྟངས་སྐྲུན་བཞིན་ཡོད། ཆོས་ཕྱོགས་ནས་དགེ་བཤེས་མ་ཐོན་པ་དེ་རྩ་དོན་དང་། དེང་དུས་ལའང་ཕན་པ་བསྒྲུབས་ཡོད་ཅེས་ཞུ་རྒྱུ་ཡིན། ད་བར་དགེ་བཤེས་མ་ཐོན་པ་ ༤༣ དང་། དེའི་ནང་ལོ་གཅིག་རིང་རྒྱུད་སྟོད་དུ་སྔགས་སློབ་སྦྱོང་གནང་སྟེ་སྔགས་ཐོན་པ་ ༣༣ བྱུང་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད། ད་ལྟའི་དགེ་བཤེས་མའི་ལས་རིམ་འདི་དགེ་ལུགས་རང་ཆགས་ཡོད། ཆོས་བརྒྱུད་གཞན་རྣམས་འདིའི་ནང་ཞུགས་མི་དགོས་པར་ཁུངས་སོ་སོའི་གྲྭ་བཙུན་དབྱེ་བ་མེད་པར་གཞུང་ཆེན་སློབ་གཉེར་གྱི་ལས་རིམ་ཡོད་པ་དེ་དག་གི་ནང་གྲྭ་བཙུན་དབྱེ་བ་མེད་པར་འདྲ་མཉམ་ཐོག་ནས་ལག་འཁྱེར་འབུལ་རྒྱུ་སོགས་བྱེད་ཀྱི་ཡིན་ཞེས་གསུངས་པ་ལྟར་ཆོས་བརྒྱུད་ཁ་ཤས་ལ་མཁན་པོ་དང་མཁན་མོ་ཞེས་ཡོད་པ་རེད། དེ་བཞིན་སློབ་དཔོན་དང་སློབ་དཔོན་མ་ཞེས་ཐོན་པའང་ཡོད། གཡུང་དྲུང་བོན་ལ་མཚོན་ན་བཙུན་དགོན་ཕྲན་བུ་མི་འདྲ་བ་བྱས་ནས་འདི་ལོར་དགེ་བཤེས་འཐོན་གྱི་ཡོད་པ་ཡོད། ཆོས་བརྒྱུད་གཞན་རྣམས་ནས་དགེ་བཤེས་མ་དང་མཉམ་པའི་མཚན་གཞན་པ་ཞིག་བཏགས་ནས་ཡག་པོ་བྱས་ནས་ཐོན་ཡོང་གི་ཡོད།
ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པའི་དུས་སྐབས་ཤིག་ཤར་ཡོད་པ་དེའི་ཐོག་ཆོས་ཕྱོགས་ནས་དམིགས་བསལ་ཕན་གྲོགས་བྱེད་ཐུབ་པ་ནི། གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་དང་། དེ་བཞིན་དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལྟར། ང་ཚོས་ལས་རིམ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན། དེའི་ནང་ཕྱི་ནང་གི་ཞབས་རིམ་བསྒྲུབ་རྒྱུ་དང་། མནོལ་བསང་གཏོང་རྒྱུ། དེ་མིན་སྐབས་དང་དུས་སོ་སོར་དགེ་སྐུལ་གསལ་བསྒྲགས་བྱེད་རྒྱུའི་ནང་དགོན་སྡེ་ཁག་དང་མང་ཚོགས་བཅས་ཚང་མ་མཉམ་ཞུགས་དགོས་ཀྱི་ཡོད་སྟབས། དགེ་སྐུལ་གསལ་བསྒྲགས་བྱེད་རྒྱུ། ལྷག་པར་བོད་མི་ཁོ་ན་བསམ་པ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་ཞིག་ཆགས་ཡོད་པར་བརྟེན་འཛམ་གླིང་ཁྱོན་ཡོངས་ཀྱི་ནད་པ་དང་། འདས་གྲོངས་སུ་གྱུར་བ། གཞན་ཡང་ནད་པ་དེ་དག་གི་ཆེད་དུ་དགོན་སྡེ་ཁག་ཡོངས་ནས་ལྷ་རབས་བྱུང་ན་ཉིན་མ་རེར་ཐེངས་རེ་དང་། དེ་མིན་ཉིན་མ་གསུམ་རེ་དང་། གལ་ཏེ་དེ་ལྟར་མ་བྱུང་ན་བདུན་ཕྲག་རེ་རེའི་ནང་སྨོན་ལམ་ཐེངས་རེར་འཚོགས་རྒྱུའི་རེ་སྐུལ་ཞུས་པ་ལྟར་གནང་དང་གནང་མུས་རེད། ལྷག་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བོད་པ་འདས་གྲོངས་སུ་གྱུར་བ་རྣམས་ལ་ཆེད་དུ་དམིགས་ནས་དགོན་པ་བང་རིམ་བཞིན་སྨོན་ལམ་སོགས་གནང་དང་གནང་མུས་རེད། དེ་དག་གིས་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་དང་། བོད་པའི་ཆོས་དང་རིག་གཞུང་། བོད་པ་རང་གི་མཚན་མཐོང་ལ་རྒྱ་ལའང་ཕྲན་བུ་ཕན་གྱི་ཡོད་པའི་རྣམ་པ་གསལ་པོ་འདུག་ཅེས་དགའ་ཚོར་དང་འབྲེལ་ཞུ་ཆོག་པ་ཞིག་ཆགས་འདུག དེ་དག་དང་འབྲེལ་བའི་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དང་མི་མང་བཅས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་ནས་རིག་གཞུང་གི་ཐོག་ལ་མཁྱེན་རྟོགས་སླད་ཞུ་པ་ཡིན་ན། ཕྱི་ལོ་ ༡༩༦༠ ལོར་ཆོས་དོན་ལྷན་ཁང་ཞེས་བརྗོད་ཀྱི་ཡོད། རིག་གཞུང་ཞེས་མཉམ་དུ་མེད། དེ་ནས་ཕྱི་ལོ་ ༡༩༨༡ ཙམ་ནས་ཆོས་རིག་ལྷན་ཁང་ཞེས་ཆགས་འདུག ཕྱི་ལོ་ ༡༩༩༡ ་་་ ༡༩༩༢ ཙམ་ནས་ལྷན་ཁང་དེ་ལས་ཁུངས་སུ་བསྒྱུར་ནས་ཆོས་རིག་ལས་ཁུངས་ཞེས་ཆགས་ནས་ཕྱི་ལོ་ ༡༩༦༠ ཚུན་ཆད་ནས་ཆོས་རིག་ལས་ཁུངས་ནས་རིག་གཞུང་ཐོག་ཕྱག་ལས་གནང་སྟངས་ཀྱི་སྲིད་བྱུས་སམ་དགོངས་པ་ལྟ་བུ་ནི། རིག་གཞུང་གི་སྡེ་ཚན་སོ་སོ་གསར་འཛུགས་དང་། ཚུགས་ཚར་བའི་རྗེས་འགྲོ་དོན་བྱེད་བཙུག་པ་མ་གཏོགས་ཆོས་རིག་ལས་ཁུངས་རང་གི་ནང་རིག་གཞུང་སྡེ་ཚན་ཞིག་བཙུགས་ནས་རིག་གཞུང་འདྲ་སྤེལ་རྒྱུའི་སྲིད་བྱུས་མ་བཟུང་བ་ལྟ་བུ་ཞིག་ཆགས་འདུག་པ་མ་ཟད། གྲུབ་འབྲས་ཀྱང་ཡག་པོ་བྱུང་འདུག དཔེར་ན། རིག་གཞུང་གི་སྡེ་ཚན་མང་པོ་ཞིག་བཙུགས་པ་དེ་དག་དེང་སྐབས་ཧ་ཅང་ཡག་པོ་ཆགས་ཡོད་པ་དེ་དག་ལ་ལྟ་ཡོང་དུས་སྲིད་བྱུས་ཡག་པོ་ཞིག་ཆགས་ཡོད། དུས་ད་ལྟ་ཡིན་ནའང་སྡེ་ཚན་དེ་དག་དང་ལྷན་མཉམ་རུབ་བྱེད་རྒྱུ་དང་འབྲེལ་བ་བཟོ་རྒྱུ། རོགས་སྐྱོར་བྱེད་བཞིན་ཡོད། ལྷག་པར་ཕྱི་ལོ་ ༡༩༩༢ ལོ་ནས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྒྲིག་གཞི་མང་པོ་ཞིག་བྱུང་བ་རེད། དེའི་ནང་ནས་འཛིན་སྐྱོང་སྒྲིག་གཞི་ནང་ཁྱབ་ཁོངས་སྡེ་ཚན་དེ་དག་གཏན་འབེབས་གནང་བ་རེད། དཔེར་ན་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་གཅིག་ནི་བོད་ཀྱི་ཟློས་གར་ཚོགས་པ་རེད། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་སྟོན་དང་འབྲེལ་མཛད་སྒོ་རྒྱས་པ་ཞིག་སྲུང་བརྩི་ཞུས་པ་རེད། དེ་དང་སྟབས་བསྟུན་རྒྱལ་སྤྱིའི་གནས་ཚད་དང་མཉམ་པའི་ཚོགས་ཁང་གསར་པ་ཞིག་བརྒྱབ་པ་རེད། ཚོགས་ཁང་གསར་པ་བརྒྱག་རྒྱུའི་དོན་དུ་དཔལ་ལྡན་བཀའ་ཤག་ནས་ཐུག་འཁུར་ཆེ་བཞེས་ཀྱིས་ལས་སྟོན་སོགས་གནང་ཡོད། ལྷག་པར་འགྲོ་གྲོན་མ་དངུལ་ལ་ཆ་བཞག་པ་ཡིན་ནའང་ཕྱེད་ཀ་ལས་ལྷག་གཞུང་གི་བང་མཛོད་ནས་གསོལ་རས་གནང་བ་ཆགས་ཡོད། ད་བར་ཕྱིའི་མཐུན་རྐྱེན་སོགས་གང་ས་ཅི་ཐད་ནས་ཡར་རྒྱས་གོང་འཕེལ་ངང་འགྲོ་བཞིན་ཡོད།
གཉིས་པ། བོད་ཀྱི་དཔེ་མཛོད་ཁང་རེད། འདི་ལོར་བོད་ཀྱི་དཔེ་མཛོད་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་གྱི་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་ཆེན་པོ་རིགས་བྱེད་རྒྱུ་བྱུང་མེད། བོད་ཀྱི་དཔེ་མཛོད་ཁང་དུ་འདས་པའི་ལོ་ལྔ་བཅུའི་ནང་གང་ས་ཅི་ཐད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་མངོན་གསལ་དོད་པོ་དང་གྲུབ་འབྲས་ལྡན་པའི་ལས་རིམ་སྤེལ་བ་ང་ཚོས་ཤེས་ཀྱི་ཡོད།
གསུམ་པ། ལྡི་ལི་བོད་ཁང་རེད། ཕྱི་ལོ་ ༢༠༡༦ ལོར་ལྡི་ལི་བོད་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས་ཏེ་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པའི་ཐོག་སློབ་གཉེར་གྱི་ལས་རིམ་འགོ་བཙུགས་ཏེ་དྲ་ལམ་བརྒྱུད་རབ་འབྱམས་པ་དང་ཉེ་བའི་རབ་འབྱམས་པ་མང་པོ་ཐོན་དང་འཐོན་བཞིན་པ་རེད། དེར་བརྟེན་སྒྲིག་འཛུགས་ཆེ་ཆུང་ལ་དཔགས་པའི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད།
བཞི་པ། བོད་མིའི་སྒྲིག་འཛུགས་དང་ཆོས་རིག་ལས་ཁུངས་ནས་གསར་བཙུགས་གནང་བའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་རེད། འདི་ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་གྱི་ཡོད། འགྲེལ་བརྗོད་ཞིབ་ཕྲ་མི་དགོས་པར་འདིའི་ནང་རིག་གཞུང་སྡེ་ཚན་ཁག་མང་པོ་ཡོད་པ་མ་ཟད། མཐོ་སློབ་ཀྱང་ཡོད། གང་ལྟར་རྒྱུན་སྐྱོང་བྱས་ནས་ཡར་རྒྱས་གོང་འཕེལ་ངང་འགྲོ་བཞིན་འདུག
ལྔ་པ། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཅུག་ལག་སློབ་གཉེར་ཁང་རེད། ཕྱི་ལོ་ ༢༠༡༧ ལོར་ལྔ་བཅུའི་དུས་དྲན་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་གདན་འདྲེན་ཞུས་ཡོད། སྐབས་དེར་ཕྲན་རང་བཅར་རྒྱུའི་གོ་སྐབས་བྱུང་། བར་ལམ་ནས་བསླབ་པ་སློབ་གཉེར་ཐོག་གསར་གཏོད་དང་རྒྱུན་སྐྱོང་། ཡར་རྒྱས་གཏང་རྒྱུ་སོགས་མང་དག་ཅིག་བྱུང་ནས་ཡར་རྒྱས་ངང་ཡོད།
དྲུག་པ། རྡོར་གླིང་འཇམ་དབྱངས་རིག་གཞུང་གཅེས་སྐྱོང་ཁང་རེད། ཕྱི་ལོ་ ༢༠༡༨ ལོར་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་འཁེལ་ཡོད། དེ་ཡང་ཡར་རྒྱས་ཕྱིན་ཡོད། དཔེར་ན། རིག་གཞུང་གཅེས་སྐྱོང་ཁང་འདི་ཉིད་གནད་འགག་གང་ཆགས་ཀྱི་ཡོད་དམ་ཞེ་ན། ཀ་རྡོར་སྒང་གསུམ་ནི་བོད་ཀྱི་ས་ཁུལ་དང་ཐག་ཉེ་བའི་དགོན་སྡེ་གྲྭ་ཚང་ཁག་ཕུད་པའི་སྤྱིའི་རིག་གཞུང་ཁང་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད་སྟབས། དེ་དག་ལ་དམིགས་ནས་ད་ལྟའི་བརྟེན་ཁང་དེ་དག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསོལ་རས་གནང་བ་དང་། ཕྱིས་སུ་ང་ཚོ་མཉམ་རུབ་ཐོག་ད་ལྟའི་བཟོ་ལྟ་དེ་དག་བཟོས་པ་རེད། མདོར་ན་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་ཀྱི་རིག་གཞུང་ཁང་ལྟ་བུ་བྱས་ནས་ཡག་ཐག་གཅོད་འགྲོ་བཞིན་ཡོད།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་མིའི་སྲོལ་རྒྱུན་ལྷ་གཞུང་འཁྲབ་སྟོན་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཆགས་ཡོད་སྟབས། ས་གནས་ཁག་གཅིག་ལ་ལྷ་མོའི་ཚོགས་པ་ཡོད་པ་དེ་དག་ཡར་རྒྱས་གཏང་རྒྱུ་དང་། ས་གནས་གཞན་ལའང་ལྷ་མོའི་ཚོགས་པ་འཛུགས་ཐུབ་ཐབས་སུ་བཀའ་ཤག་ནས་དམིགས་བསལ་སྲིད་བྱུས་བཟུང་སྟེ་འབད་བརྩོན་དང་འབྲེལ་རོགས་སྐྱོར་ལས་གཞི་བཙུགས་ཡོད། འདས་པའི་ལོ་བཞིའི་ནང་བཀའ་ཤག་ནས་ལྷ་མོ་ཚགས་པ་ཁག་གཉིས་ཙམ་གསར་བཙུགས་གནང་ཐུབ་པ་དང་། དེ་བཞིན་ལྷ་མོའི་ཚོགས་པ་དང་འདྲ་བའི་རིག་གཞུང་སྡེ་ཚན་ཁག་གཅིག་ལ་ལོ་ལྟར་རོགས་སྐྱོར་གནང་བཞིན་ཡོད།
ཕྱི་ལོ་ ༢༠༡༧ ནས་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་མ་དངུལ་ཞེས་འགོ་བཙུགས་ནས་ཆོས་རིག་ལས་ཁུངས་ནས་ལག་བསྟར་གནང་བཞིན་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི། ཁྱིམ་ཚང་དང་མི་སྒེར་ལ་བརྟེན་མཁན་དང་། ཉག་ཕྲ་བའི་རིག་གཞུང་རིགས་སླར་གསོ་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་འགོ་བཙུགས་པ་ཞིག་རེད། ཕྱི་ལོ་ ༢༠༡༧ ་་་་ ༢༠༢༠ བར་ཐེངས་བཞིའི་རིང་སྡེ་ཚན་དང་མི་སྣ་སྒེར་བཅས་ཁྱོན་བསྡོམས་ ༥༥ ལ་རོགས་སྐྱོར་བྱས་ཡོད། དེ་དག་ལ་བརྟེན་ནས་ང་ཚོའི་རིག་གཞུང་ཐོག་གཞོན་སྐྱེས་ཁྲོད་དོན་གཉེར་ཡོང་རྒྱུ་དང་། དེ་བཞིན་ཁྱིམ་ཚང་སྒེར་པར་བརྟེན་བཞིན་པ་དེ་དག་སླར་གསོ་ཐུབ་ཐབས་སུ་ཕན་ཐོགས་ཆེན་པོ་ཡོད་པ་ང་ཚོས་མཐོང་གི་ཡོད།
གསར་འགོད་པས། བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་པ་མི་ཉུང་བ་ཞིག་ཡོད་པ་དེ་དག་ལ་ཆོས་རིག་ལས་ཁུངས་ནས་ལས་གཞི་དང་ལས་དོན་གལ་ཆེ་བ་གང་དང་གང་སྤེལ་གནང་གི་ཡོད།
བཀའ་བློན་མཆོག་གིས། སྤྱིར་རྒྱལ་བལ་འབྲུག་གསུམ་ནང་ག་དུས་ཡིན་ནའང་དབྱེ་བ་ཁྱོན་ནས་མེད་པར་གནང་ཕྱོགས་གཅིག་མཚུངས་རེད། འོན་ཀྱང་ས་ཆ་དང་ཁྲིམས་ཀྱི་གནས་སྟངས་སོགས་ལ་བརྟེན་ནས་སྐབས་རེ་ལས་གཞི་སྤེལ་རྒྱུར་སྐུ་ངལ་འཕྲད་བཞིན་ཡོད། བཀའ་ཤག་འདིའི་སྐབས་ཆོས་རིག་ལས་ཁུངས་ནས་བོད་ནང་གསར་དུ་ཕེབས་པ་རྣམས་ལ་སློབ་ཡོན་ཞིག་འབུལ་བཞིན་ཡོད་པ་ལྟར་བལ་ཡུལ་ནང་མི་གྲངས་ ༡༠༧ ཡོད། དེ་བཞིན་བལ་ཡུལ་ནང་གཉན་མཚམས་པ་དང་བྱ་བྲལ་བ་ ༢༢ ལ་འཚོ་སྣོན་གནང་བཞིན་ཡོད། གཞན་ཡང་བལ་ཡུལ་ཁུལ་གྱི་དགོན་པ་ཁག་ ༥༤ ནང་དཔེ་ཁྲིད་དང་ཚན་རིག་དགེ་རྒན་ ༡༠༩ ལ་མཐུན་འགྱུར་དང་། དཀོན་གཉེར་ ༡༥ ལ་གསོལ་ཕོགས་འབུལ་བཞིན་ཡོད། གལ་ཏེ་དགོན་པ་ཉམས་གསོ་དགོས་ཀྱི་ཡོད་ན་སྙན་ཞུ་འབུལ་ནས་བྱེད་རྒྱུ་རེད། བལ་ཡུལ་ཁུལ་ནས་དགོན་པ་གསུམ་ཉམས་གསོ་གནང་འདུག རྡོ་རྗེ་གདན་དུ་བསྟན་པ་སླར་གསོ་དང་། ལྷག་པར་མཐའ་མཚམས་ཁུལ་དུ་བསྟན་པ་གོང་འཕེལ་འགྲོ་རྒྱུའི་རྟེན་འབྲེལ་དུ་ལས་གཞི་སྤེལ་བའི་ཁོངས་བལ་ཡུལ་ནང་གི་དགོན་པ་གྲངས་ ༦༣ ལ་སྟོན་པའི་སྐུ་འགྲེམས་སྤེལ་ཞུས་ཡོད། ཕྱོགས་མཚུངས་རིས་མེད་བགྲོ་གླེང་དང་ཚན་རིག་ཟབ་སྦྱོང་སོགས་གང་སྤེལ་བ་ཡིན་ནའང་གྲངས་ཀ་མང་ཉུང་ལ་མ་བལྟོས་པར་བལ་ཡུལ་ནས་ཕེབས་བཞིན་ཡོད།
གཞན་ཡང་ས་གནས་ ༣༩ ལ་ནང་པའི་ལྟ་གྲུབ་ངོ་སྤྲོད་ཞུས་པའི་ཁོངས་བལ་ཡུལ་ས་གནས་གསུམ་ལ་མ་དངུལ་བཙུགས་ཡོད་པ་ཙམ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ནང་ཆེད་གཉེར་དགེ་བཤེས་སོགས་སྐོར་བསྐྱོད་བྱས་ཐུབ་པ་བྱུང་ཡོད། དེ་བཞིན་དགེ་བཤེས་མའི་ལས་རིམ་ཁོངས་བལ་ཡུལ་ནས་དགེ་བཤེས་མ་གཉིས་ཐོན་ཡོད། ལྷག་པར་དགེ་བཤེས་མ་ཡོང་ཁུངས་ཀྱི་དགོན་པ་གལ་ཆེ་བ་ཞིག་བལ་ཡུལ་དུ་ཡོད། དགེ་བཤེས་མ་སྐབས་དང་པོའི་ནང་རྩེ་ཕུད་དང་ཨང་དང་པོ་དེ་བོད་ནས་ཕེབས་པ་དང་བལ་ཡུལ་དུ་གནས་སྡོད་བྱེད་མཁན་ཞིག་རེད། བལ་ཡུལ་ནང་དམིགས་བསལ་གནང་མ་ཐུབ་ནའང་སྤྱི་མཚུངས་ཞུ་བཞིན་ཡོད།
གསར་འགོད་པས། འདས་པའི་དུས་ཡུན་
བཀའ་བློན་མཆོག་གིས། གལ་ཆེ་བ་གཅི
དེ་དང་མཉམ་དུ་གཞོན་སྐྱེས་ཙམ་མི
གཉིས་ནི། བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་སོགས་གང་ས་ཅི་ཐད་ནས་རྩ་
ལོ་དྲུག་ཅུའི་ནང་ཆོས་སྡེ་ཁག་ཐོ
སྤྱིར་ཆོས་རིག་ལས་ཁུངས་
ཕྱོགས་མཚུངས་དགེ་རྒན་གསོལ་ཕོགས་གནང་རྒྱུའི་ན
གསར་འགོད་པས། བཀའ་ཤག་སྐབས་ ༡༥ པའི་ལས་ཡུན་གཙང་ལ་ཉེ་བ་དང་། ལོ་གཅིག་གི་ལས་ཡུན་ནང་ལས་དོན་
བཀའ་བློན་མཆོག་གིས། ཕྱི་ལོ་ ༢༠༢༠ ཟླ་ ༧ ནས་ལོ་འཁོར་གཅིག་རིང་༸རྒྱལ་བའི་
༸རྒྱལ་བའི་དགུང་ཀེག་འཁེལ་སྐབས་
ཆོས་རིག་ལས་ཁུངས་ནས་བསྒྲུབས་དང་སྒྲུ
མཐར་གོང་དུ་ཞུས་པ་བཞིན་ད་བར་ཆོས