ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཨོ་གླིང་དང་ནིའུ་ཛི་ལེན་ཌེ་མངའ་ཁོངས་བོད་མི་འདུས་སྡོད་ས་གནས་ཁག་ཏུ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད།
དེ་ཡང་ཨོ་གླིང་རྒྱལ་ས་ཁེན་སྦེ་རར་ཨེ་སི་ཊི་ ACT བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༧ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༠ ཐོག་དུད་ཚང་རེ་ནས་འཐུས་མི་རེ་བཅས་མི་ངོ་ ༥༠ མ་ཟིན་ཙམ་ས་སྐྱ་བློ་གསལ་ཆོས་རྫོང་གི་རི་མགོར་ཡོད་པའི་ Virupa ཆོས་ཚོགས་ཀྱི་ཐང་སྟེང་དུ་ལྷན་འཛོམས་ཀྱིས། ཐོག་མ་སྐུ་ཚབ་དོན་གཅོད་དབུས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། བཀའ་ཟུར་དང་དྲུང་ཟུར་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་འབྲེལ། ཚང་མས་སྐུ་པར་རིན་པོ་ཆེར་མཇལ་ཕྱག་ཕུལ་བ་དང་ཆབས་ཅིག་རྒྱལ་བའི་ཞབས་བརྟན་གསོག་འདོན་དང་། དེ་ནས་ཕྱི་ལོགས་ཐང་སྟོང་སྟེང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱལ་ཡོངས་ཚོགས་གཙོ་གཅིག་ལྕོགས་སྐལ་བཟང་ཡོན་ཏན་ལགས་ཀྱི་གཙོ་སྐྱོང་འོག་ཐོག་མ་ས་སྐྱ་བློ་གསལ་ཆོས་རྫོང་གི་ངེས་སྟོན་པ་བླ་མ་ཆོས་གྲགས་རིན་པོ་ཆེ་ལགས་ནས་དགའ་བསུའི་གཏམ་བཤད་གནང་གྲུབ་མཚམས།
སྐུ་ཚབ་དོན་གཅོད་ནས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པའི་གསུང་བཤད་དང་འབྲེལ། བོད་མིའི་སྒྲིག་འཛུགས་ནས་ད་ལོའི་ལོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་དགོས་དམིགས་དང་། ལས་འགུལ་གང་དང་གང་སྤེལ་འཆར་ཡོད་པ་ངོ་སྤྲོད་གནང་རྗེས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་མང་ཚོགས་ལ་སྒྲོག་སྦྱང་གནང་།
དེ་ནས་ཚང་མ་ཆོས་ཚོགས་ཀྱི་རྒྱབ་རིར་ཕེབས་ཏེ་རླུང་རྟ་སྒྲེང་འཛུགས་དང་བསང་གསོལ་མཆོད་འབུལ་གྱི་མཛད་སྒོར་རྒྱལ་བའི་ཞབས་བརྟན་དབྱངས་སུ་བགྱིས་ཤིང་། ལྷ་མོའི་དབྱངས་རྟ་གླུ་རུ་ལེན་ཏེ་ཀྭེ་ཀྭེ་བསོ་བསོ་ལྷ་རྒྱལ་ལོའི་འབོད་སྒྲོག་འོག་འཁྲུངས་སྐར་གྱི་རྟེན་འབྲེལ་སྒོ་ཐུད་བགོས་འགྲེས་རྗེས། ཕྱི་དྲོ་ཆུ་ཚོད་གསུམ་པ་བར་དུ་གཞས་དང་ཞབས་བྲོའི་རྩེད་དགའ་ལ་རོལ།
ཕྱི་ཟླ་ ༧ ཚེས་ ༥ ཉིན་ཨེ་སི་ཊི་བོད་རིགས་མཐུན་ཚོགས་ནས་རྒྱལ་ས་ཁེན་བྷེ་རའི་ཉི་ཧོང་གླིང་ཀ་དང་། འགྲེམ་སྟོན་ཁང་། དཔེ་མཛོད་ཁང་གཡས་གཡོན་སོགས་སུ་གད་སྙིགས་གཙང་བསྡུའི་ལས་འགུལ་ཞིག་སྤེལ་བར་ས་གནས་ཡུལ་མི་ཚོས་དོ་སྣང་དམིགས་བསལ་གནང་བ་དང་། ཕྱི་ཟླ་ ༧ ཚེས་ ༦ ཉིན་བཞུགས་སྒར་བྱམས་པ་གླིང་རྒས་གསོ་ཁང་གི་བགྲེས་སོང་ཚོར་ཞལ་ལག་ཕུལ་བ་བཅས་དཀར་བཅུ་དགེ་བའི་ལས་ཀྱིས་༸རྒྱལ་བའི་འཁྲུངས་སྐར་ཕུན་སུམ་ཚོགས་པ་ཞིག་བསུ་ཡོད།
ཝིག་ཀྲོ་རི་ཡ་ VIC བོད་རིགས་མཐུན་ཚོགས་ནས་ས་གནས་བོད་མི་ ༨༥ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ཕེབས་པའི་དགའ་སྟོན་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པའི་བརྙན་ཐུང་ཞིག་བཟོས་ཏེ་རྒྱ་ཁྱབ་འགྲེམས་སྤེལ་ཞུས་འདུག
ཁུན་སི་ལེན་ཌི་ QLD ཁུལ་དུ་སྤྱན་རས་གཟིགས་ཆོས་ཚོགས་དགེ་བཤེས་ཚུལ་ཁྲིམས་ལགས་ཀྱི་ཐུགས་འཁུར་ཆེ་བཞེས་འོག་ཆོས་ཚོགས་ཀྱི་སློབ་མ་དང་། སྐུ་མགྲོན་བཅས་མི་གྲངས་ ༡༠༠ ལྷག་འདུ་འཛོམས་ཐོག་མཛད་སྒོ་ཟབ་རྒྱས་ཞུས།
ནིའུ་ཁ་སིལ་ New Castle ས་གནས་བོད་རིགས་མཐུན་ཚོགས་ནས་འདི་ག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ལམ་སྟོན་ཕེབས་པ་ལྟར། ཕྱི་ཟླ་ ༧ ཚེས་ ༥ ཉིན་ས་གནས་སུ་གད་སྙིགས་གཙང་བཟོའི་ལས་གཞི་གཞི་རྒྱ་ཆེ་བ་ཞིག་སྤེལ་བར་ས་གནས་ཡུལ་མི་ཚོས་ཐལ་མོ་བཙུགས་ཏེ་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཡོད།
དེ་བཞིན་ཝ་ཀ་ཝ་ཀ་ Wagga Wagga བོད་དགའ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་རྣམས་ས་གནས་ཚོགས་གཙོ་སྤྱི་ཟུར་སྒྲོལ་དཀར་སྐྱབས་ལགས་ཀྱི་ཁང་པའི་སྡོང་རའི་ནང་འཛོམས་ཏེ། རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་དང་འབྲེལ་ཚང་མས་སྐུ་ཕྱག་འཚལ་ཞིང་མཇལ་དར་ཕུལ་རྗེས་རྒྱལ་བའི་ཞབས་བརྟན་གསོག་འདོན་ཞུས་པ་དང་། དེ་རྗེས་ཚང་མ་ཁྲོམ་གཞུང་ཐོག་ཕེབས་ཏེ་ཁོར་ཡུག་གཙང་བཟོའི་ལས་གཞི་སྤེལ་བར་ས་གནས་ཡུལ་མི་ཚོས་པར་ལེན་དང་། ངོ་དེབ་སོགས་སུ་འགོད་རྒྱུའི་དགའ་བའི་རྣམ་འགྱུར་དང་བསྟོད་བསྔགས་ཀྱི་ཚིག་རྒྱན་འཕེན་ཡོད་འདུག་ལ དེ་རྗེས་བོད་མི་རྣམས་ནས་ཁ་ཟས་ཞལ་ལག་གྱ་ནོམས་པ་གཤམས་པའི་དགའ་བའི་འཛོམ་རར་གཞས་དང་ཞབས་བྲོའི་རྩེད་འཇོ་ལ་ཉིན་འཁྱོངས་རོལ་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
ནིའི་ཛི་ལེ་ཌེར་ཨོ་ཀེ་ལེན་ཌེའི་ Auckland ས་གནས་བོད་རིགས་མཐུན་ཚོགས་དང་། བོད་ཀྱི་གྲོགས་པོ་ཚོགས་པ། བོད་རྒྱ་མཛའ་འབྲེལ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག ཕྱི་ཟླ་ ༧ ཚེས་ ༤ ཉིན་དཔལ་སྤུང་ཆོས་ཚོགས་སུ་ཕྱི་ནང་གི་སྐུ་མགྲོན་མང་པོ་འཛོམས་ཏེ་མ་ཎི་གསོག་སྒྲུབ་དང་བརྟན་བཞུགས་བསྟར་འབུལ་དང་འབྲེལ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་། ཕྱི་དྲོ་ཨོ་ཀེ་ལེན་ཌེའི་ཡེ་ཤུའི་ཆོས་ཚོགས་ཤིག་ཏུ་སླར་ཡང་མི་གྲངས་ ༡༠༠ ལྷག་ཚོགས་འཛོམས་ཐོག་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་བཅར་རྗེས་བོད་དང་ནིའུ་ཛི་ལེན་ཌི་རྒྱལ་གླུ་ཕུལ་རྗེས་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་སྐལ་བཟང་ལགས་ཀྱི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་མཛད་པ་རླབས་ཆེན་སྒྲུབ་པར་ཐུགས་རྗེ་ཆེ་ཞུ་དང་། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབང་འདུས་ཚེ་རིང་ལགས་ནས་གསུང་བཤད་གནང་བ། གློག་བརྙན་གཟིགས་འབུལ་དང་འབྲེལ་གཞས་དང་ཞབས་བྲོའི་རྩེད་དགའ་ལ་རོལ་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
ཕྱི་ཟླ་ ༧ ཚེས་ ༦ ཉིན་རྡོ་རྗེ་འཆང་ཆོས་ཚོགས་སུ་དད་ལྡན་མང་ཚོགས་དང་། རྒྱ་རིགས་གྲོགས་པོ། ཕྱི་རྒྱལ་བ་སོགས་མི་མང་པོ་འཛོམས་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་པའི་མཛད་སྒོར། ནིའུ་ཛི་ལེན་ཌེ་ནས་ཡིན་པའི་བཟའ་ཚང་གཉིས་ཀྱིས་ཆེད་སྒྲིག་རྒྱལ་བ་རིན་པོ་ཆེའི་རོལ་དབྱངས་འོད་སྡེར་སྤྱན་འབུལ་ཞུས་པ་སོགས། མདོར་ན་ད་ཐེངས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་བོད་དོན་ཁྱབ་བསྒྲགས་ནིའུ་ཛི་ལེན་ཌེའི་ཚགས་པར་དང་། བརྙན་འཕྲིན་ཁག་ཏུ་ཐོན་ཐུབ་པའི་གཅིག་གོ་གཉིས་ཆོད་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
དེ་བཞིན་ཨོ་གླིང་ཨེ་ཌེ་ལེཌ་ Adelaide ས་གནས་བོད་རིགས་མཐུན་ཚོགས་ནས་ཕྱི་ཟླ་ ༧ ཚེས་ ༥ རེས་གཟའ་ཉི་མའི་ཉིན་ས་གནས་བོད་པའི་ཆོས་ཚོགས་ཐེག་ཆེན་བཤད་སྒྲུབ་ཆོས་གླིང་དུ་འཛོམས་ཏེ། ཚང་མས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཕྱག་ཕུལ་གྲུབ་མཚམས། རྒྱལ་བའི་ཞབས་བརྟན་ཁག་གསོག་བསྒྲུབས་དང་། དེ་ནས་ཞལ་ལག་དང་གཞས་ཞབས་བྲོ་སོགས་དགའ་བ་རྣམ་པ་རོལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
གཞན་ཡང་ས་གནས་སྦུ་ལུ་མའོང་ཀྲན་ Blue Mountain དུ་ཟླ་ ༧ ཚེས་ ༥ འཛམ་གླིང་སྤྱི་བསང་ཉིན་མོ་དང་སྟབས་བསྟུན་ས་གནས་བོད་མི་དང་ཡུལ་མི། ས་གནས་གཞན་ནས་ཕེབས་པའི་བོད་མི་བཅས་ས་གནས་བོད་ཀྱི་ཆོས་ཚོགས་ཀྱི་མདུན་ཐང་དུ་འཛོམས་ཏེ། བསང་གསོལ་གྲུ་རྒྱས་པ་ཞིག་ཕུལ་བ་དང་ཆབས་ཅིག་རྒྱལ་བའི་ཞབས་བརྟན་ཁག་གསོག་སྒྲུབ་ཞུས་གྲུབ་རྗེས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་ཡང་ཡང་ཕེབས་བཞིན་པའི་དགོངས་དོན་དངོས་སུ་ལག་བསྟར་ཞུ་ཆེད་ཤིང་ཕྲུག་འདེགས་འཛུགས་དང་། གད་སྙིགས་གཙང་བཟོའི་ལས་རིགས་དོན་སྙིང་ལྡན་པ་ཞིག་སྤེལ་འདུག་པར་ས་གནས་ཡུལ་མི་ཚོས་དོ་སྣང་དང་མིག་ལྟོས་ལེགས་པོ་བྱུང་འདུག
དེ་བཞིན་ས་གནས་ཀེམ་སྦེལ་ཀྲོན་ Cambelltown བཀྲ་ཤིས་གླིང་གཡས་གཡོན་གནས་སྡོད་བོད་མི་རྣམས་ནས་ཀྱང་ཕྱི་ཟླ་ ༧ ཚེས་ ༥ ཉིན་ཆོས་ཚོགས་སུ་ཆོས་མཇལ་དང་ཞབས་བརྟན་གསོག་སྒྲུབ་སོགས་ཞུས་རྗེས། ས་གནས་ཀེམ་སྦེལ་ཀྲོན་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད་པ་དང་།
ས་གནས་ཌེ་ཝེར་ Dee Why གནས་སྡོད་བོད་མི་ཁག་ཅིག་གིས་ཀྱང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་ཕེབས་པ་གཞིར་བཟུང་ཁོར་ཡུག་གཙང་བཟོ་དང་། ཞལ་འདོན་གསོག་བསྒྲུབས་སོགས་སྤེལ་འདུག་པ་འདི་ག་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གནས་ཚུལ་ཇི་འབྱོར་ཕྱོགས་བསྡུས་ཞུས་ཏེ་ཕུལ་ཡོད་པ་དང་བཅས། །