ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་གཅིག་མ་ཟིན་ཙམ་རོགས་དངུལ་ཐད་ཀར་གསོལ་རས་གནང་ཡོད།
དེ་ཡང་ཨ་རིའི་རོགས་ཚོགས་The United States Agency for International Development (USAID) ནས་བཙན་བྱོལ་བོད་མིའི་ངོ་བོ་དང་། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གཙོ་བོར་གྱུར་བའི་གཞིས་ཆགས་སྲ་བརྟན་དང་རང་ཁ་རང་གསོ་ཐུབ་ཐབས་སླད་རོགས་དངུལ་ཨ་སྒོར་ ༩༩༧༡༢༤ ཐམ་པ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཐད་ཀར་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་རོགས་ཚོགས་དང་ལྷན་མོས་མཐུན་ཐོག་མཚན་རྟགས་བཀོད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ ནས་བཟུང་ད་བར་འབད་བརྩོན་བྱས་པར་བརྟེན་ཨ་རིའི་རོགས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་རོགས་དངུལ་གནང་སྟེ་ཡུན་རིང་བསྒུགས་པའི་དགོས་འདུན་མངོན་འགྱུར་བྱུང་སོང་། ཞེས་དང་། ངས་ཨ་རིའི་རོགས་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་གསོལ་རས་འདིས་ཨ་རིའི་རོགས་ཚོགས་དང་བོད་མིའི་སྒྲིག་འཛུགས་དབར་རོགས་དངུལ་གནང་ཕྱོགས་ཐད་ལམ་ཀ་གསར་པ་ཞིག་དང་འབྲེལ་ལམ་སྔར་ལྷག་དམ་ཟབ་བཟོས་ཡོད། ཅེས་གསུངས།
ཨ་རིའི་རོགས་དངུལ་གསོལ་རས་འདི་བཞིན་བོད་མིའི་སྐད་ཡིག་དང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཡར་རྒྱས་ལས་གཞིའི་སླད་གཏོང་རྒྱུ་དང་། ལས་གཞི་དེ་བཞིན་ལོ་གཉིས་རིང་ལག་བསྟར་གནང་རྒྱུ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ཨ་རིའི་རོགས་ཚོགས་ནས་རོགས་དངུལ་གསོལ་རས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དང་ལས་རོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཨ་རིའི་རོགས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཐད་ཀར་གསོལ་རས་གནང་རྒྱུའི་བརྒྱུད་རིམ་ཕྱི་ལོ་ ༢༠༡༩ ཟླ་ ༢ ནང་དངོས་སུ་འགོ་བཙུགས་གནང་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་རོགས་ཚོགས་ཀྱི་ལས་ཁུངས་ནས་ལས་བྱེད་རྒན་པ་ཁག་གཅིག་བཞུགས་སྒར་རྡ་སར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་དོན་གནང་ཕྱོགས་དང་། སྙན་ཐོ་ཁག་ལ་རྟོག་ཞིབ་གནང་སྟེ་འདོད་བློ་ཁེངས་པ་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས། ཨ་རིའི་རོགས་ཚོགས་ནས་ཐད་ཀར་རོགས་དངུལ་གསོལ་རས་གནང་བ་དེས་ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ཡར་རྒྱས་ལས་གཞི་ཁག་ལག་བསྟར་གནང་ཕྱོགས་ཐད་ཡིད་ཆེས་དང་གདེང་ཚོད་སླེབས་པའི་བརྡ་ལན་ཤུགས་ཆེན་པོ་གནང་བ་རེད། ཅེས་གསུངས།།