ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཨ་རི་གཞུང་གིས་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གསུམ་ལ་དམ་བསྒྲགས་བཀའ་ཆད་གནང་འདུག
དེ་ཡང་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིམ་ཆོན་གོ་ Chen Quanguo ཚུད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གསུམ་ལ་དམ་བསྒྲགས་བཀའ་ཆད་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གཞུང་གིས་དུས་ཐོག་རྒྱ་ནག་གཞུང་ལ་དམ་བསྒྲགས་བཀའ་ཆད་གནང་བར་དགའ་བསུ་དང་སྦྲགས། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། ཅེས་དང་།
ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིམ་ཆོན་གོ་ནི། དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་སྐབས། ཁོ་པས་བོད་མི་ཚོའི་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་ལྟར། ད་ལྟ་ཁྲིམ་ཆོན་གོས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་མི་རིགས་ཚོའི་ཐོག་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད། ཅེས་གསུངས།
སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གསུམ་ནི། དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་བ་དང་། ད་ལྟ་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིམ་ཆོན་གོ་ Chen Quanguo དང་། ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཀྲུ་ཧེ་ལུན་ Zhu Hailun ། གཞན་ཡང་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་སྤྱི་བདེ་ལས་ཁུངས་ཀྱི་དྲུང་ཆེ་ཝང་མིན་ཧྲན་ Wang Mingshan བཅས་ཡིན། །