ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཕན་བདེ་སྨན་ཁང་དེ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་བོད་པའི་འཕྲོད་བསྟེན་ཁང་ནང་ནས་རྒྱ་གར་དབུས་སྨན་གྱི་ཉམས་ཞིབ་ལྷན་ཚོགས་ཁང་ (Indian Council for Medical Research-ICMR) ནས་ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་ཆེད་མིའི་སྣ་མིད་ནས་མཆིལ་གཤེར་བསྡུ་ལེན་ཆོག་པའི་ཆོག་མཆན་ཐོབ་མཁན་ཐོག་མ་དེ་ཆགས་ཡོད། འདི་ལྟའི་འགོག་དབྱེ་ཟུར་འཇོག་ཁང་དུ་ཕྱི་མི་ཕེབས་མཁན་རྣམས་ལ་ཏོག་དབྱིབས་གཉན་རིམས་ ༡༩ ནད་འབུའམ་གཉན་སྲིན་ཡོད་མེད་བརྟག་ཞིབ་ཆེད་མིའི་སྣ་མིད་ནས་མཆིལ་གཤེར་བསྡུ་ལེན་གནང་རྒྱུ་དེས་བོད་མིའི་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་ལ་དོན་དངོས་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།
དེ་ཡང་ཧོན་སུར་རབ་རྒྱས་གླིང་ས་གནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་འགན་འཁུར་འོག་ཀར་ཎ་ཊ་ཀའི་མངའ་སྡེའི་ས་གནས་རྫོང་གི་འཕྲོད་བསྟེན་སྨན་ཁང་བརྒྱུད་རྒྱ་གར་དབུས་ཉམས་ཞིབ་ལྷན་ཚོགས་ཁང་ནས་ཆོག་མཆན་བཀའ་འཁྲོལ་གནང་བ་ཞིག་ཆགས་ཡོད། འདི་ཟླའི་ཚེས་ ༧ ཉིན་རྫོང་གི་སྨན་ཁང་གི་ཆེད་ལས་པའི་མཛུབ་འཁྲིད་ལམ་སྟོན་འོག་ཐེངས་དང་པོ་བོད་མི་གྲངས་ ༢༥ ལ་ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་སྣ་མིད་ནས་མཆིལ་གཤེར་བསྡུས་ལེན་གནང་ཡོད། རྫོང་གི་འཕྲོད་བསྟེན་ལས་གཙོ་སྨན་པ་ཝེང་ཀ་ཊེ་ཤ་དང་། ཊི་བི་སྨན་པ་གཙོ་བོ་རཱ་ཝི། སྨན་པ་ཤཱི་ཝ་པྲ་སཱ་དྷ། སྨན་པ་རཱ་ཇེ་ཤ་བཅས་ཐུན་མོང་གིས་རྒྱབ་སྐྱོར་རོགས་འདེགས་གནང་ནས་ས་གནས་སུ་འདི་ལྟའི་མཐུན་འགྱུར་སྦྱར་ཐུབ་པ་བྱུང་ཡོད།
ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། དེ་བཞིན་ཀོ་ལེ་གྷལ་དོན་ལྡན་གླིང་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁག་གི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ལ་ཏོག་དབྱིབས་གཉན་རིམས་ ༡༩ ནད་འབུ་ཡོད་མེད་བརྟག་དཔྱད་དེ་རྫོང་སོ་སོའི་འབྲེལ་ཡོད་སྨན་ཁང་ནས་གནང་བཞིན་ཡོད། འོན་ཀྱང་བོད་མིའི་གཞིས་ཆགས་དེ་དག་ལའང་ཧོན་སུར་རབ་རྒྱས་གླིང་ལྟ་བུའི་མཐུན་འགྱུར་ཐོབ་རྒྱུར་འབད་བརྩོན་བྱེད་མུས་ཡིན་ཞིང་། ཟླ་འདིའི་ཚེས་ ༡༥ ནས་བཞུགས་སྒར་རྡ་ས་བདེ་ལེགས་སྨན་ཁང་དང་ཟུང་འབྲེལ་ཐོག་དེ་གའི་སྨན་པས་གཙོ་བོ་འགན་འཁུར་བཞེས་པའི་ཐོག་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་བོད་མི་རྣམས་ཀྱི་མིད་པ་ནས་མཆིལ་གཤེར་བསྡུ་ལེན་གནང་འགོ་བཙུགས་ཡོད།།