ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༥ ཚེས་ ༡༦ ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་སྲུང་བརྩི་ཞུ་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་གཞི་བཟུང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྒྱ་ཁྱབ་ནད་ཡམས་རྐྱེན་པས་མི་མང་ཕོན་ཆེ་འདུ་འཛོམས་མེད་པའི་ཐོག་ལྷོ་སྤྱི་ལས་ཁྱངས་ནས་མཛད་སྒོ་ཧྲག་བསྡུས་གོ་སྒྲིག་ཞུས་ཡོད།
༼སྦེང་ལོར་གྲོང་ཁྱེར་ལྷོ་སྤྱི་ལས་ཁུངས༽
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བོད་ཁྱིམ་སྡོད་ཁང་གསོལ་ཚིགས་ཁང་དུ་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ལས་ཀརྨ་དགེ་ལེགས་ལགས་ཀྱིས་གཙོས་ལས་བྱེད་རྣམས་དང་། བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དང་ལས་བྱེད། སློབ་ཕྲུག་བཅས་འདུ་འཛོམས་ཀྱིས་རང་ལུགས་ཆས་གོས་གཟབ་མཆོར་ཐོག་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་ཁག་ལ་འཕྲིན་བཅོལ་གནད་སྨིན་འབད་སྒྲུབ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གཞེན་བསྐུལ་ཕེབས་འབྱོར་བཞིན་སྤྱན་རས་གཟིགས་ཀྱིས་གཟུངས་སྔགས་མི་ཎི་ཡིག་དྲུག་སྟོང་ཚར་རེ་གསོག་སྒྲུབ་ཞུས་རྗེས་བོད་ཁྱིམ་ཐང་ཆེན་དུ་ལྷ་རྒྱལ་འཐེན།
དེ་ནས་༸སྐུའི་འཁྲུང་སྐར་དགའ་དགའ་སྤྲོ་སྤྲོའི་ངང་ལས་བྱེད་དང་སློབ་ཕྲུག་ནས་སྒོར་གཞས་འཁྲབ། དེ་རྗེས་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ལྷོ་སྤྱི་ལས་ཁུངས་ཀྱི་ཚོགས་ཁང་དུ་དྲུང་ལས་ཀརྨ་དགེ་ལེགས་ལགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས། རིམ་བཞིན་ལྷོ་སྤྱི་ལས་ཁུངས་དང་། བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དང་ལས་བྱེད་རྣམས་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་གྲུབ་མཚམས་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་ལྷོ་སྤྱི་དྲུང་ལས་ཀརྨ་དགེ་ལེགས་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་ཞུས་པ་དང་། བོད་ཁྱིམ་སློབ་ཕྲུག་ཚོགས་པ་ནས་ཉིན་གུང་ཞལ་ལག་དང་རྩེད་རིགས་འདྲ་མིན་གོ་སྒྲིག་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ། སྦེང་ལོར་གནས་སྡོད་ནག་ཆུ་རྒྱལ་ལགས་ཀྱིས་ལས་བྱེད་དང་སློབ་ཕྲུག་རྣམས་ལ་དགུང་ཚིགས་ཞལ་ལག་སྦྱིན་བདག་གནང་།
༼ལྷོ་སྤྱི་ཁྱབ་ཁོངས་ཨུ་ཀྲི་སྐྱིད་ཚལ་གླིང་བོད་མིའི་སུས་ཚོང་བ༽
ཨུ་ཀྲི་ས་གནས་བོད་མིའི་སུས་ཚོང་ཚོགས་པའི་ཚོགས་གཙོ་དབུས་པའི་རྒྱུན་ལས་འགན་འཁུར་བ་རྣམས་ནས་ས་གནས་ཀྱི་གནས་ཚུལ་འབྱོར་གསལ། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་སྔ་དྲོའི་ཆུ་ཚོད་ ༧ ནས་ ༨ བར་སྔར་རྒྱུན་བཞིན་དར་ཆེན་སྒྲེང་བཙུགས་དང་དར་ལྕོག་བརྗེ་འགྱུར་ཞུས། དེ་རྗེས་སྔ་དྲོའི་ཆུ་ཚོད་ ༨ ནས་ ༩ བར་ས་གནས་མི་མང་མ་ཉུང་བ་ཞིག་འདུ་འཛོམས་ཐོག་༸གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་སླད་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ་དང་སྒྲོལ་མའི་གཟུངས་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བཅས་འབད་སྒྲུབ་ཞུས།
སྔ་དྲོའི་ཆུ་ཚོད་ ༡༠ ཐོག་མཛད་སྒོ་དངོས་གཞིའི་སྐབས་སྐུ་མགྲོན་གཙོ་བོ་འབྲེལ་ཡོད་སྦི་རིགས་སློབ་སྤྱི་ (K.S.Siva Prakash) གདན་ཞུས་ཀྱིས་གསུང་བཤད་གནང་འབྲེལ་ལྷོ་སྤྱི་ལས་ཁུངས་བརྒྱུད་ཁ་རས་གནང་འབྱོར་བྱུང་བ་བཞིན་དེའི་ཉིན་མི་མང་ལ་བགོ་འགྲེམས་ཞུས། ས་གནས་རྫོང་དཔོན་ (Innocent Divya) མཆོག་དང་། ད་ལྟའི་ས་གནས་བློན་ཆེན་ (MLA Govindha) རྣམ་གཉིས་ཀྱི་ལས་ཁུངས་སུ་འཐུས་མི་ངོ་བཅར་གྱིས་དུས་ཆེན་ངོ་སྤྲོད་དང་རྟེན་འབྱུང་ཕྱག་རྟགས་རེ་འབུལ་ཐུབ་པ་བྱུང་ཡོད།
༼ལྷོ་སྤྱི་ཁྱབ་ཁོངས་ཏྭ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་གྲོང་ཁྱེར་རྡུ་བྷེ་པལ་ཛ་ཁྲོམ་ར།༽
ཏྭ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་རང་ལུགས་གཟབ་མཆོར་ངང་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་དང་༸རྒྱལ་བའི་ཞབས་བརྟན། དགའ་ལྡན་ཕོ་བྲང་ནས་གཞེན་བསྐུལ་ཕེབས་པ་ལྟར་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་གསོག་སྒྲུབ་མཚོན་པའི་རྟེན་འབྲེལ་ཞུ་སྒོ་ཁག་འཐུས་ཚང་ལེགས་གྲུབ་ངང་སྲུང་བརྩི་ཞུས་འདུག སྦེང་ལོར་གྲོང་ཁྱེར་ལྷོ་སྤྱི་ཁྱབ་ཁོངས་རྡུ་བྷེ་པལ་ཛ་ཁྲོམ་ར་ནས་ཀྱང་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམ་ལ་འཕྲིན་བསྐུལ་དང་སྐུ་ཕྱྭའི་ཞབས་རིམ། དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གཞེན་བསྐུལ་ལྟར་མ་ཎི་ཡིག་དྲུག་སྟོང་ཚར་རེ་གསོག་སྒྲུབ་དང་ཆོས་ཕྱོགས་ཀྱི་ཞུ་སྒོ་ཁག་དང་མི་མང་མ་ཉུང་ཞིག་ནས་མཛད་སྒོ་སྟབས་བདེ་ཞུས་འདུག་པ་བཅས།།