ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༩ ཉིན་གྱི་སྔ་དྲོ་༩ ནས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་མཐོ་སློབ་ཁག་གཅིག་གི་དགེ་རྒན་སློབ་ཕྲུག་སོགས་ལ་བྱམས་བརྩེ་ནི་ད་ལྟའི་འཇིག་རྟེན་གྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་སྩལ་དོན། སྔ་དྲོ་བདེ་ལེགས། ང་ཚོར་དཀའ་ངལ་འཕྲད་པའི་སྐབས་ཞིབ་འཇུག་བྱེད་དགོས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་དུས་རབས་བརྒྱད་པའི་ནང་མཛད་པའི་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱས་ཅི་ཕན། །ཞེས་གསུངས་པ་ལྟར་ཡིན་པས་དངངས་སྐྲག་བྱེད་དགོས་དོན་མེད།
ང་ཚོར་དཀའ་ངལ་འཕྲད་པའི་སྐབས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་ལས་བསམ་བློ་གུ་དོག་པོ་བཏང་ན་དཀའ་ངལ་ལ་བཟོད་སྒོམ་བྱེད་མ་ཐུབ་པ་ཡོང་གི་ཡོད། ཚན་རིག་པ་ཁ་ཤས་ཤིག་གིས་གོ་ལའི་ཚ་དྲོད་ཚད་མཐོན་པོར་སླེབ་སྐབས་གཙང་པོ་ཐབས་ཅད་སྐམ་འགྲོ་བ་དང་སྔོ་ལྗང་གི་འཛམ་གླིང་འདི་ཡང་བྱེ་ཐང་དུ་འགྱུར་འགྲོ་གི་རེད། ཅེས་གསུང་གི་འདུག ང་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་ཧ་ཅང་ཆུང་ཆུང་རེད། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པ་དང་། རྒྱ་གར་ནང་དུའང་མི་མང་པོ་ཞིག་ལ་ཏོག་དབྱིབས་གཉན་རིམས་འགོ་བཞིན་ཡོད་པས་ཧ་ཅང་སེམས་སྐྱོ་བོ་རེད། ཏོག་དབྱིབས་གཉན་རིམས་སྨན་བཅོས་སླད་དུ་ཚན་རིག་པས་སྨན་བཟོ་རྒྱུར་བརྟག་དཔྱད་བྱེད་བཞིན་ཡོད།
རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་སྨན་ Ayurvedic Medicine ནས་ཀྱང་ཏོག་དབྱིབས་གཉན་རིམས་སྨན་བཅོས་བྱེད་པར་ཕན་ཐོགས་ཡོད་སྲིད། དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་སྨན་པ་རྣམས་རྒྱལ་སྤྱི་རང་བཞིན་ལྡན་པའི་ཚོགས་འདུ་བསྐོང་འཚོགས་གནང་ཡོད། དེང་སང་བོད་ཀྱི་གསོ་བ་རིག་པ་ནི་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་སྲོལ་རྒྱུན་སྨན་བསྡུས་པ་ལས་བྱུང་བ་ཡིན། དེང་སང་མཐུན་རྐྱེན་འཛོམས་པོ་རེད། ཏོག་དབྱིབས་གཉན་རིམས་སྨན་བཅོས་ཇི་ལྟར་བྱེད་དགོས་མིན་ཐད་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་སྲོལ་རྒྱུན་གསོ་རིག་ཆེད་མཁས་པ་རྣམས་དང་དེང་རབས་ཕྱི་ལུགས་སྨན་ཐོག་ཆེད་མཁས་པ་ཚོ་ཚོགས་འདུ་འཚོགས་ཏེ་བགྲོ་གླེང་གནང་ན་ཕན་ཐོགས་ངེས་ཅན་འབྱུང་ཐུབ། ང་ཚོས་ཏོག་དབྱིབས་གཉན་རིམས་སྨན་བཅོས་བྱེད་རྒྱུ་ལས་དངངས་སྐྲག་བྱ་རྒྱུ་མེད། ཐ་ན་རིམ་པས་ད་ལྟ་ང་ཚོ་འཚོ་བཞིན་པའི་འཛམ་གླིང་འདི་ཡང་སྟོང་འགྲོ་གི་རེད། ང་ཚོས་འགྲོ་བ་མི་ཚང་མ་བདེ་སྐྱིད་ལྡན་པ་ཞིག་བཟོ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།