ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པ་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སང་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ ༡༠།༣༠ བར་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་སྩལ་རྒྱུ་དང་། ཚོགས་པ་དེའི་ཚོགས་མི་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་གནང་རྒྱུ།
བཀའ་ཆོས་དེ་བཞིན་ཨིན་ཇི། རྒྱ་གར། བལ་ཡུལ། རྒྱ་ནག། ཕེ་རན་སི། ར་ཤི་ཡ། སི་པེན། ཝི་ཏ་ནམ། ཉི་ཧོང་། སོག་པོ། ཀོ་རི་ཡ། ཇར་མི་ནི། པོར་ཇུ་གྷལ་དང་ཨི་ཊ་ལི་བཅས་ཀྱི་སྐད་རིགས་ནང་གསུང་སྒྱུར་ཞུས་ཏེ་ཐད་གཏོང་གནང་རྒྱུ་ལགས་ན། དོན་གཉེར་ཅན་རྣམས་ནས་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་དང་། ༸གོང་ས་མཆོག་གི་ངོ་དེབ་ནང་ཐད་ཀར་གསན་གཟིགས་གནང་ཐུབ། ཆོས་ཞུ་བ་རྣམས་ནས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། http://www.gyalwarinpoche.com/node/422
༼སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་། ལྷག་པར་དུ་གསུང་ཆོས་ཞུ་སྐབས་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་། ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་གསུང་ཆོས་ཞུ་མཁན་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་གསན་གཟིགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། འདིའི་ཐད་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་སྟངས་འཛིན་ཆེས་ཆེར་གནང་རོགས་ཞེས་ནན་ཏན་དུ་ཞུ་རྒྱུ་ཡིན། གནས་ཚུལ་གཉན་འཕྲང་ཅན་གྱི་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་ཀྱང་ཞུ་རྒྱུ་ཡིན།༽