ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ Nirupama Rao Menon ལགས་ཀྱིས་བརྙན་འཕྲིན་བརྒྱུད་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་གསུང་དོན། མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་ནི་ང་ཚོ་ཚང་མར་དམིགས་བསལ་གྱིས་རྩ་ཆེན་པོ་ཆགས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་མེད་མགོན་མེད་ཉམ་ཐག་འགྲོ་བ་རྣམས་ཀྱི་སླད་བྱམས་སྙིང་རྗེ་དང་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཕྱག་ལས་གནང་གི་ཡོད་པས། ང་ཚོར་མཚོན་ན་༧གོང་ས་མཆོག་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་མེས་པོ་དམ་པ་གཱན་དྷི་ Mahatma Gandhi མཆོག་གི་མགྲིན་ཚབ་པ་ལྟ་བུ་ཡིན།
རྒྱལ་ཞེན་རིང་ལུགས་དང་། དབང་ཤེད་རིང་ལུགས། ཏོག་དབྱིབས་གཉན་རིམས་སོགས་ཀྱི་རྐྱེན་པས་གོ་ལ་ཧྲིལ་པོ་ཁ་འཐོར་དུ་འགྲོ་བཞིན་པའི་སྐབས་འདིར། མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེ་དང་། དྲང་བདེན། བཟོད་བསྲན་སོགས་ཀྱི་གལ་གནད་སྐོར་བཀའ་སློབ་སྩལ་བ་མ་ཟད། འགྲོ་བ་མི་ཚང་མ་དབྱེ་བ་མེད་པར་སྤུན་ཟླའི་འདུ་ཤེས་འཛིན་དགོས་པའི་སྐོར་བཀའ་སློབ་སྩོལ་བཞིན་ཡོད།
རང་ཉིད་ཆུང་བྱིས་པའི་སྐབས་ནས་བཟུང་༧གོང་ས་མཆོག་གི་གསུང་ཆོས་མང་པོ་ཞུས་མྱོང་བ་མ་ཟད། མགོན་པོ་གང་ཉིད་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཀྱང་བྱུང་མྱོང་ཡོད། ༧གོང་ས་མཆོག་ནི་དུས་རབས་འདིར་འཛམ་གླིང་གི་ཆེས་རླབས་ཆེན་གྱི་མི་སྣའི་གྲས་ཤིག་རེད། ༧གོང་ས་མཆོག་ནི་ལོ་ངོ་ ༦༠ རིང་རྒྱ་གར་བས་ཆེས་བརྩི་བཀུར་ཞུ་སའི་སྐུ་མགྲོན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་ནང་མི་ལྟ་བུར་རྩི་བཞིན་ཡོད།
འཕགས་བོད་གཉིས་ཀྱི་འབྲེལ་བ་འདི་བཞིན་དུས་རབས་མང་པོའི་ལོ་རྒྱུས་ལྡན་ཞིང་ནམ་ཡང་འཇིགས་ཐབས་མེད། མགོན་པོ་གང་ཉིད་མཆོག་གིས་རྩོད་རྙོག་ཚང་མ་འདྲ་མཉམ་དང་། གཉིས་ཕན། གྲོས་མོལ་བཅས་ཀྱི་ལམ་ནས་སེལ་དགོས་པའི་གལ་གནད་སྐོར་བཀའ་སློབ་སྩལ་ཡོད། ཅེས་དང་། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷཱརཐ་རཏྣ་ Bharat Ratna ཞེས་པ་བཞེས་དགོས། ཞེས་སོགས་ཀྱི་སྐོར་གསུངས།།