ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཨ་རིའི་རོགས་ཚོགས་ USAID ཀྱི་འཛིན་སྐྱོང་འགན་འཛིན་ལས་ཚབ་འཇོན་བྷར་ས་John Barsa མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།
ངས་ཨ་རིའི་རོགས་ཚོགས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་ལ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་མཆོག་གིས་འཚེ་མེད་ཞི་བ་དང་། བཟོད་བསྲན། ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་སྐུ་ངལ་འཛེམས་མེད་ཐོག་ཕྱག་ལས་གནང་བཞིན་ཡོད་པས། ཨ་རིའི་མི་མང་ཚོར་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་བྱུང་ཡོད།
ཨ་རིའི་རོགས་ཚོགས་ནས་དུས་རྟག་ཏུ་འགྲོ་བ་མིའི་འཚོ་བ་དང་ཆེ་མཐོང་། དེ་བཞིན་འཛམ་གླིང་མི་མང་ཆེས་ཉམ་ཐག་རྣམས་ཡར་རྒྱས་གཏོང་སླད་རོགས་རམ་གནང་གི་ཡོད། འདས་པའི་ལོ་ངོ་ ༢༠ ལྷག་རིང་ཨ་རིའི་རོགས་ཚོགས་ནས་བོད་རང་སྐྱོང་ལྗོངས་དང་། རྒྱ་གར། བལ་ཡུལ་བཅས་ཀྱི་བོད་མི་རྣམས་ལ་དཔལ་འབྱོར་གྱིས་རོགས་རམ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། དེ་བཞིན་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མཐུན་འགྱུར་རོགས་རམ་གནང་ཡོད།
ཐ་ན་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་ལའང་ཨ་རིའི་རོགས་ཚོགས་ནས་བོད་མིའི་འདུས་སྡོད་ཁག་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་རོགས་རམ་གནང་ཡོད།
མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་དང་དྲང་བདེན་གོང་མཐོར་གཏོང་ཆེད་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་བཞིན་ཡོད་སྟབས། དེ་རིང་ང་ཚོས་མགོན་པོ་གང་ཉིད་མཆོག་ལ་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ། ཞེས་གསུངས།།