ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །སྦེལ་ཇམ་གྱི་གྲོང་ཁྱེར་ཨེནཊ་ཝརྤ་ Antwer ནང་དུ་བོད་རིགས་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་མི་གྲངས་ལྔ་བཅུ་ལྷག་འདུ་འཛོམས་བྱེད་ཆོག་གི་མེད་པར་བརྟེན། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་སྦེལ་ཇམ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་བདུན་གྱི་དྲུང་ཆེ་སོགས་ Shangrila གསོལ་མགྲོན་ཁང་གི་ཕྱི་ལོགས་ཐང་སྟོང་སྟེང་ལྷན་འཛོམས་ཀྱིས་ལྷ་བསང་དང་། དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསང་མཆོད་ཟབ་རྒྱས་ཕུལ།
དེ་ནས་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་ཐོག་མར་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སན་ཊི་མ་ཊན་ Vincent Matten ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་།
སྐབས་དེར་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ས་གནས་སུ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྒོ་རྒྱ་བསྡམས་པའི་སྐབས་སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་རིགས་ཚོགས་པས་གཟེངས་སུ་ཐོན་པའི་ཕྱག་ལས་ཇི་གནང་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་བཀའ་སློབ་སྩལ་བ་ཁག་ལག་བསྟར་བྱ་དགོས་པ་དང་། དེ་བཞིན་ཉེ་ཆར་སྐུའི་འཁྲུངས་སྐར་ཉིན་མ་ཎི་གསོག་དགོས་པའི་བཀའ་སློབ་སྩལ་བ་བཞིན་མང་ཚོགས་ནས་མ་ཎི་གསོག་སྒྲུབ་དགོས་པའི་དྲན་གསོ་དང་། ༸གོང་ས་མཆོག་གི་༸སྐུ་ཚེའི་མཛད་ཁུར་གཙོ་བོ་བཞིའི་ཐོག་རྒྱབ་སྐྱོར་དང་ལག་བསྟར་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
མཐར་བོད་རིགས་ཚོགས་པའི་ཚོགས་གཞོན་བློ་བཟང་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱ་ཁའི་ངང་གྲོལ་ཡོད། ༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པའི་གནས་ཚུལ་ས་གནས་ཀྱི་གསར་ཤོག་ཁག་འདྲ་མིན་ནང་འདོན་སྤེལ་གནང་འདུག་པ་བཅས། །