ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐོག་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་གནང་དོན།
ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞེས་གུས་ཕྱག་སྔོན་དུ་བཏང་ནས་བོད་རྒྱལ་ལོ་ ༢༡༤༧ ཟླ ༥ ཚེས་ ༡༦ དང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་རང་ཅག་ཁ་བ་རི་བའི་མགོན་སྐྱབས། ༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་བསྐལ་བཟང་གི་ཉིན་མོར་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་སྒོ་ནས་གུས་ཕྱག་སྔོན་དུ་བཏང་ནས། གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་ཚབ་བྱས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
འདིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་ལོ་གཅིག་རིང་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུར་ཐུགས་གཏན་ཁེལ་འདུག དེ་ལ་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
རྒྱུ་མཚན་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སེམས་ལ་གསལ་བ་བཞིན་༧གོང་ས་མཆོག་གིས་བོད་གངས་ཅན་གྱི་ཆོས་སྲིད་ལུགས་གཉིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕྱག་ཏུ་བསྣམས་པ་ནས་བཟུང་སྐུ་ངལ་འཛད་མེད་ཞིག་གནང་ཡོད་པ་དེ་སྨྲས་མ་དགོས་པ་ཞིག་རེད། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཉག་ཕྲ་བའི་སྐབས་འདིར་ཐུགས་བརྩེ་བའི་སྒོ་ནས་རང་ཅག་ཁ་བ་རི་བ་གཙོས་འཇམ་གླིང་ཡོངས་ལ་བཀའ་དྲིན་བླ་མེད་གནང་བ་འདི་སྟོང་གསུམ་རིན་ཆེན་གྱིས་བཀང་ཡང་ཆ་ཙམ་ཡང་གཞལ་མི་ནུས་པས་ཁོང་ལ་བཀའ་དྲིན་རྗེས་དྲན་དང་འཁྲུངས་སྐར་བརྩི་སྲུང་གནང་དགོས་པ་འདི་སྨྲས་མ་དགོས་པ་ཞིག་རེད། དེ་ལས་ཀྱང་ང་ཚོས་ངོས་ནས་མགོན་པོ་གང་ཉིད་ཀྱིས་དུས་ནས་དུས་སུ་གནང་བའི་བཀའ་སློབ་ལམ་སྟོན་ཐུགས་བསྐྱེད་དམ་བཅའ་བཞི་ལ་སོགས་པ་སྙིང་ལ་བཅིང་ནས་མགོན་པོ་གང་གི་ཐུགས་དགོངས་ཇི་བཞིན་སྒྲུབ་རྒྱུ་དེ་གལ་ཆེན་པོ་རེད།
༧མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་བཞི་ནི།
༡༽ དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དུ་གཏོང་རྒྱུ་ཞེས་པ་དེ་རེད། དེ་ནི་འགྲོ་བ་མིའི་རིགས་ཀྱི་སེམས་རྒྱུད་བྱམས་པ་དང་སྙིང་རྗེ་སོགས་ཀྱིས་གོང་འཕེལ་དུ་བཏང་ནས་ཕན་ཚུན་བར་མཛའ་བརྩེ་དང་རོགས་སྐྱོར་བྱེད་པ་སོགས་མདོར་ན་དེ་དག་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་མཐུན་སྒྲིལ་མཉམ་གནས་འབྱུང་རྒྱུ་དེ་རེད།
༢༽ གཉིས་པ་ཆོས་ལུགས་མཐུན་སྒྲིལ་རེད། དེ་ནི་འཛམ་གླིང་གི་ཆོས་ལུགས་རིས་སུ་མ་ཆད་པ་རྣམས་འཆམ་མཐུན་གྱི་སྒོ་ནས་ཞི་བདེ་དང་སེམས་ཅན་ཕན་པ་བསྐྲུན་རྒྱུ་དེ་རེད།
༣༽ གསུམ་པ་བོད་ཀྱི་རང་དབང་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དེ་རེད། དེས་ན་ང་ཚོ་བོད་མི་ཡོད་དོ་ཅོག་གིས་ཁོང་གི་བཀའ་ལ་བརྩི་སྲུང་བྱེད་དགོས་པ་ནི་སྐབས་སུ་བབ་པའི་ང་ཚོའི་འོས་འགན་ཡིན།
༤༽བཞི་པ་ནི་ནཱ་ལེནྡྲའི་རིག་གཞུང་འདི་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་གཏོང་རྒྱུ་དེ་རེད། འདི་དག་ཐུགས་བསྐྱེད་དམ་བཅའ་བཞི་ནི་ང་ཚོ་བོད་མི་ཙམ་མ་ཡིན་པར་ཁོང་གི་གདུལ་བྱ་ཡོངས་ཀྱི་འབད་དགོས་པའི་ལས་འགན་ཆགས་འདུག་ཡོད་པ་དེ་ཚང་མས་མཁྱེན་གསལ་ལྟར་རེད། དེ་ལ་ང་ཚོས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གང་ནུས་ཀྱིས་འབད་པ་བྱེད་དགོས་རེད། དེ་བཞིན་དུ་༸མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་དག་ལ་བར་ཆད་གང་ཡང་མེད་པར་ལྷུན་གྱིས་འགྲུབ་ནས་འཛམ་གླིང་ཞི་བདེ་ཡོང་བ་སོགས་ཐུགས་ཀྱི་སྨོན་དོན་གེགས་མེད་དུ་འགྲུབ་པ་དང་། ལྷག་པར་དུ་བོད་གངས་ཅན་གྱི་བདེན་མཐའ་མྱུར་དུ་གསལ་ནས་རང་དབང་རྫོགས་ལྡན་གྱི་ཉི་མ་མྱུར་དུ་ཤར་བ་དང་། ༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་བ་ཡིན།
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །