ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཛམ་གླིང་གི་གནད་ཡོད་མི་སྣ་ཁག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད།
དེ་ཡང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་ George W. Bush མཆོག་དང་ཁོང་གི་སྐུ་ཟླ་ལོ་ར་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་ལ་མཉེས་པོ་དང་བརྩེ་བ་ཡོད། ཅེས་གསུངས།
ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས། ༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་བོད་མི་རྣམས་སྲུང་སྐྱོབ་དང་། འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཤོག་ཅེས་གསུངས། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ། ཞེས་གསུངས།
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀེན་ནེ་ཐི་ཨི་ཨན་ཇ་སི་ཊར་ Kenneth Ian Juster མཆོག་གིས་ཨ་རི་དང་བོད་གཉིས་ཀྱི་འབྲེལ་བ་ནི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་རོ་སེ་ཝེ་ལི་ཊི་ Franklin Roosevelt མཆོག་གིས་མགོན་པོ་གང་ཉིད་མཆོག་སྐུ་ན་ཆུང་ཆུང་ཡིན་པའི་སྐབས་ཆུ་ཚོད་ཅིག་ལེགས་སྐྱེས་སུ་འབུལ་བ་ནས་བཟུང་དངོས་སུ་འགོ་བཙུགས་ཡོད་པ་དང་།
མགོན་པོ་གང་ཉིད་མཆོག་གིས་བོད་མིའི་རང་དབང་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་སླད་སྐུ་ངལ་མཛེམས་མེད་ཀྱིས་ཕྱག་ལས་གནང་བཞིན་ཡོད་པར། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ནས་དགའ་མོས་ཞུ་ཡི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་ George W. Bush མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་སྐབས། ༧གོང་ས་མཆོག་ནི་འཛམ་གླིང་ཞི་བདེ་དང་བཟོད་བསྲན་གྱི་མཚོན་རྟགས་ཡིན་ཞེས་གསུངས་ཡོད། ཅེས་དང་། མགོན་པོ་གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཞེས་གསུངས།
གླིང་ཆེན་ཨ་ཕི་རི་ཀའི་བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨ་ཡན་ཀ་མ་ Dr. Seretse Khama Ian Khama མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་མགོན་པོ་གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་དང་། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་བོད་ནང་ཞི་བདེ་དང་མང་གཙོ་ཡོང་བ་དང་། མགོན་པོ་གང་ཉིད་མཆོག་སླར་ཡང་མཇལ་ཐུབ་པའི་རེ་བ་ཡོད། ཅེས་གསུངས།
རྒྱ་གར་དབུས་གཞུང་གི་ན་གཞོན་རྩེད་རིགས་ལས་དོན་ལྷན་ཁང་ Minister of Youth Affairs and Sports གི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Shri Kiren Rijiju མཆོག་གིས། བརྙན་ཐུང་བརྒྱུད་༧གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་མགྲིན་ཚབ་པ་བླ་ན་མེད་པའི་གྲས་ཡིན་པ་དང་། བོད་མི་དང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས། འཛམ་གླིང་ནང་པའི་རྗེས་འབྲང་པ་ཡོངས་ནས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བཞུགས་དགོས་པའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན། ངས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། ཞེས་གསུངས།
རྒྱ་གར་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་རཱམ་མ་དྷེབ་ Shri Ram Madhav, BJP National General Secretary མཆོག་གིས། མགོན་པོ་གང་ཉིད་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་ ༦༡ འདས་ཟིན། མགོན་པོ་གང་ཉིད་མཆོག་རྒྱ་གར་ལ་བཙན་བྱོལ་གྱི་ཚུལ་དུ་ཕེབས་ཡོད། འོན་ཀྱང་རྒྱ་གར་བ་མི་རེ་ངོ་རེས་༧གོང་ས་མཆོག་ནི་ཁོང་ཚོའི་ཁྱིམ་ཚང་གཅིག་གི་སྤུན་མཆེད་རྒན་པ་ལྟ་བུར་རྩི་བཞིན་ཡོད། ཅེས་དང་། མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། ཞེས་གསུངས།
ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ Tim Loughton མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། ཞེས་གསུངས།
འཛམ་གླིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱར་ཐི་ kailash Satyarthi མཆོག་གིས་མགོན་པོ་གང་ཉིད་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱ་ལྷག་འཚོ་བཞུགས་དགོས། ཞེས་གསུངས།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ནི་རུ་པ་མ་རའོ་མེ་ནོན་ Nirupama Rao Menon ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷཱརཐ་རཏྣ་ Bharat Ratna ཞེས་པ་འབུལ་དགོས་པའི་སྐོར་སོགས་གསུངས།།