ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཕེབས་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་ཕུལ་གྲུབ་མཚམས།
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་མཛད་གཙོ་རྣམ་པས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་བཏང་རྗེས་གསོལ་ཇ་འབྲས་སིལ་དང་མངར་ཟས་ཀེཀ་ Cake འདེགས་འབུལ་ཞུས།
དེ་རྗེས་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣས་༸སྐུའི་འཁྲུངས་ལ་བརྙན་ཐུང་བརྒྱུད་འཚམས་འདྲི་ཞུས་པ་ཁག་གཟིགས་འབུལ་ཞུས་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པས་བསྟོད་གླུ་གཟིགས་འབུལ་ཞུས། དེ་ནས་འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་།
རྒྱ་གར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་བརྙན་ཐུང་བརྒྱུད་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཁག་གཟིགས་འབུལ་ཞུས་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ལས་བྱེད་ལས་རྒྱུན་ཞབས་ལོ་ ༢༥ ཧྲིལ་པོ་ལོན་པའི་ལས་བྱེད་རྒན་གྲས་གྲངས་ ༣ ལ་ལས་བྱེད་འདེམས་ལྷན་ནས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་།
དེ་ནས་ཞྭ་སེར་བསྟན་པའི་མངའ་བདག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དྲུ
རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ ནི་རུ་པ་མ་རའོ་ Nirupama Rao མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བཅས་ནས་བརྙན་ཐུང་བརྒྱུད་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཁག་གཟིགས་འབུལ་ཞུས་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ལས་དོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ཁོངས་ནས་ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་དང་།
ལས་བྱའི་སྡེ་ཚན་ཁོངས་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱ་བསྟན་འཛིན་ཆོས་འཕེལ་ལགས་རྣམ་གཉིས་ལ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཟེངས་རྟགས་ཕྱག་འཁྱེར་གནང་མཚམས་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་༸སྐྱབས་རྗེ་རི་མགོ་སྤྲུལ་སྐུ་མཆོག་དང་། བསྟན་པའི་གསལ་བྱེད་དཔལ་༸རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་རིན་པོ་ཆེ་མཆོག་བཅས་ནས་བརྙན་ཐུང་བརྒྱུད་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཁག་གཟིགས་འབུལ་ཞུས།
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལུང་ཚིག་ Quotation གྲངས་ ༡༡༣ ཕྱི་དྲིལ་ལས་ཁུངས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་དང་འབྲེལ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་དབུ་འབྱེད་གནང་སྟེ་བཀའ་ཤག་གི་གསུང་བཤད་གནང་།
མཛད་སྒོའི་སྐབས་བོད་ཀྱི་ཟློས་གར་ཚོགས་པས་དབུས་གཙང་དང་། མདོ་སྨད། མདོ་སྟོད་ཆོལ་ཁའི་འཁྲབ་གཞས་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་བཅས། །