ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་སའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་ཐེ་ཝན་དུ་དེ་གའི་དད་ལྡན་མང་ཚོགས་ནས་༧མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་རྩི་ཞུ་རྒྱུའི་མཛད་རིམ་ཐོག་བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྱེད་རང་ཚོས་གྲ་སྒྲིག་དང་རེ་འདུན་བྱས་པ་རེད། གང་ལྟར་ཐེ་ཝན་དུ་ཐོག་མར་ཕྱིན་པ་ནས་བཟུང་བསམ་བློའི་ནང་སེམས་ཐག་ཉེ་བོ་བྱེད་བཞིན་ཡོད། ཐེ་ཝན་གྱི་མི་མང་པོ་ཞིག་ངོས་ཀྱི་གྲོགས་པོ་རྙིང་པ་རེད། ངོས་རང་ས་གནས་ས་ཐོག་དུ་འགྲོ་རྒྱུར་ཕྱོགས་མང་པོ་ཞིག་དང་བསྟུན་དགོས་སྟབས། དཀའ་ངལ་ཕྲབ་བུ་ཡོད་པ་རེད། འོན་ཀྱང་བསམ་བློའི་ནང་ཐེ་ཝན་གྱི་སེར་སྐྱ་མི་མང་རྒན་གཞོན་ཚང་མ་ངོས་ཀྱི་སེམས་ནང་དུས་རྟག་ཏུ་དྲན་བཞིན་ཡོད། དེ་རིང་དྲྭ་རྒྱའི་ཐོག་ནས་སྐད་ཆ་བཤད་རྒྱུ་བྱུང་བ་རེད། དེ་རིང་གླང་ཐང་ཚིགས་བརྒྱད་གདོན་རྒྱུ་ཡིན། འདི་བྱང་ཚུབ་སེམས་སྦྱོང་གི་མན་ངག་ཐུང་ཐུང་འདུམ་ཧ་ཅང་བདེ་བོ་འདུག སྤྱིར་གླང་ཐང་ཚིགས་བརྒྱད་ཟེར་རྒྱུ་འདི་གཞི་བཅོལ་ས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་བཞི་པ་ཕལ་ཆེར་རེད། མཇུག་ཏུ་ཚིགས་སུ་བཅད་པ་ཉི་ཤུ་ཞེས་པ་ཞིག་ཡོད་པ་དེའི་ནང་ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱད་བྱར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལས་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་པའི་དབུ་མ་རིན་ཆེན་ཕྲེང་བའི་ཚིག་འདི་ཧ་ཅང་ཤུགས་ཆེན་པོ་འདུག དབུ་མ་རིགས་ཚོགས་དྲུག་གི་ནང་ནས་དབུ་མ་རིན་ཆེན་ཕྲེང་བ་ཟེར་ནའང་མི་འདུག ཚིགས་འདི་རྩ་བ་རེད་འདུག
ཇོ་བོ་རྗེ་བོད་དུ་ཕེབས་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་ཉམས་བཞེས་གནང་བ་དང་། དེའི་སྔོན་ལ་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་པ་རེད། ཇོ་བོ་རྗེའི་སློབ་མ་ཚོས་བཀའ་གདམས་པ་ཞེས་བཅོམ་ལྡན་འདས་ཀྱི་བཀའི་ནང་ནས་ཡི་གེ་ན་གཅིག་དོར་དུ་མེད་པ་ཐམས་ཅད་ཉམས་ལེན་དུ་འཁྱེར་རྒྱུའི་བཀའ་གདམས་པ་ཞེས་པའི་ནང་གི་དགེ་བཤེས་གླང་རི་ཐང་པ་ནི་བཀའ་གདམས་པའི་དགེ་བཤེས་ཆགས་ཡོད། མཚན་དངོས་ནི་རྡོ་རྗེ་སེངྒེ་རེད། ཁོང་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་རྟག་པར་སྒོམ་གྱི་ཡོད། བྱང་ཆུབ་ཀྱི་སེམས་བསྒོམས་ནས་ཡང་ཡང་བཤུམ་གནང་གི་ཡོད། སེམས་ཅན་གྱི་སྡུག་བསྔལ་བསྒོམས་ནས་བཤུམ་བཞིན་ཡོད། དེར་བརྟེན་མཚན་ལ་གླང་ཐང་ངུ་ནག་པ་ཞེས་དེ་ལྟར་བཤད་པ་རེད། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་བསྒོམས་ནས་ཞལ་རས་སྐྱོ་བོ་བྱས་ནས་བཤུམ་བཞུགས་མཁན་ཞིག་ཡིན། དེར་བརྟེན་གླང་ཐང་ངུ་ནག་པ་ཞེས་ཆགས་པ་རེད།
དེ་རིང་གླང་ཐང་ཚིགས་བརྒྱད་འདི་ངོས་ཀྱིས་མར་བཤད་ལུང་འཁྲིད་རྒྱུ་རེད། ངོས་ཀྱིས་ཕལ་ཆེར་འདས་པའི་ལོ་ལྔ་བཅུ་ཙམ་རིང་བྱང་ཆུབ་ཀྱི་སེམས་སྤྱོད་འཇུག་གཙོ་བོར་གྱུར་པའི་བྱང་ཆུབ་ཀྱི་སེམས་ལ་ཧ་ཅང་བསམ་བློ་གཏོང་གི་ཡོད། ཉིན་ལྟར་བསམ་བློ་གཏོང་གི་ཡོད། གླང་ཐང་ངུ་ནག་པ་ནང་བཞིན་གདོང་སྐྱོ་བོ་བྱས་ནས་སྡོད་ཀྱི་མེད། སྤྱོད་འཇུག་ནང་སེམས་ཅན་སུ་ཐུག་པ་ཡིན་ནའང་འཛུམ་གྱིས་བསུ་ཟེར་རྒྱུ་ཞིག་ཡོད་པ་རེད། འདི་ཡག་པོ་འདུག གླང་ཐང་ངུ་ནག་པ་ཞལ་རས་ནག་པོ་སྟོན་ནས་བཞུགས་གནང་གི་ཡོད་པ་རེད། ཐུགས་སྐྱོ་ནས་བཞུགས་གནང་གི་ཡོད་པ་རེད། ངོས་ཀྱིས་དེ་རིང་དགེ་བཤེས་གླང་རི་ཐང་པའི་གླང་ཐང་ཚིགས་བརྒྱད་ཀྱི་བཤད་ལུང་འདོན་ཀྱི་ཡོད་པ་རེད། ངོས་ཀྱིས་དབུ་མ་རིན་ཆེན་ཕྲེང་བའི་གཞུང་ཉིན་ལྟར་འདོན་གྱི་ཡོད། དེ་དང་ཆབས་ཅིག་གླང་ཐང་ཚིགས་བརྒྱད་ཉིན་ལྟར་འདོན་གྱི་ཡོད། གང་ལྟར་གླང་ཐང་པའི་རྗེས་འབྲང་ཆགས་ཀྱི་ཡོད་པ་རེད། ཉམས་ལེན་རང་གི་ཐོག་ནས་རྗེས་འབྲང་ཆགས་ཀྱི་ཡོད་ནའང་དུས་རྟག་ཏུ་གད་མོ་རྒོད་བཞིན་ཡོད། སྤྱོད་འཇུག་ནང་འདིའི་ཁུངས་ཡོད།
བྱང་ཆུབ་ཀྱི་སེམས་ཟེར་རྒྱུ་འདི་སེམས་ནང་དངོས་འབྲེལ་ཞི་བདེ་སླེབ་མཁན་དང་། སྣང་སྲིད་ཀྱི་སེམས་ཅན་ཇི་འདྲ་ཞིག་ལ་བལྟས་པ་ཡིན་ནའང་ཚང་མ་མཉམ་དུ་མཐོང་ནས་དེ་དག་ལ་རྩེ་གཅིག་ཏུ་བརྩེ་བའི་སེམས་སྐྱེས་པ་ཞིག་དང་། དེ་དང་ཆབས་ཅིག་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱས་ནས་ཡོང་དུས་སེམས་ནང་སྤོབས་པ་ཡོད་པ་ཞིག་དང་། ཞི་བདེ་ཡོད་པ་ཞིག་ཡོང་བཞིན་འདུག
དབུ་མ་འཇུག་པའི་ནང་དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཞེས་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱས་ནས་བྱང་ཆུབ་ཀྱི་སེམས་ཡོང་སྟངས་དེ་གསུང་གི་ཡོད། དེ་བཞིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་དངོས་འགྲེལ་འདི་ལྟར་བསམ་བློ་གཏོང་ཡོང་དུས་སེམས་ནང་སྤོབས་པ་ཧ་ཅང་སླེབ་ཡོང་གི་འདུག དེར་བརྟེན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་འགྲེལ་ཡོང་དུས་སེམས་ལ་སྤོབས་པ་དང་སྤྲོ་སྣང་ཡོད་པ། གསང་སྔགས་གཞུང་ནས་སྣོད་བཅུད་དག་པ་རབ་འབྱམས་ཞེས་ཡོད་པ་རེད།
གང་ལྟར་འདི་སྔོན་ལ་ཐུབ་དང་མ་ཐུབ་ནའང་བྱང་ཆུབ་ཀྱི་སེམས་ཉམས་ལེན་ཐོག་ནས་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་ མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། ཞེས་སྤྱོད་འཇུག་ནང་གསུངས་པ་འདི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །