ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༥ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༤ རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་པའི་ལུགས་ལྟར་ཆོས་འཁོར་དང་པོའི་དུས་དྲན་སྲུང་བརྩིའི་ཉིན་བཀའ་སློབ་སྩལ་དོན། དེ་རིང་འདིར་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་གྱི་གནས་མཆོག་ཝ་རཱ་ཎ་སིར་ཆོས་འཁོར་དང་པོ་བསྐོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པ་དེ་ཧ་ཅང་ཡག་པོ་རེད། བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བཞི་ཅུ་ཞེ་གྲངས་རིང་བཀའ་ཆོས་གང་ཡང་གནང་མེད། དེའི་རྒྱུ་མཚན་ནི། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་མཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་གསུངས་འདུག དེའི་ཚེ་དེའི་དུས་རྒྱ་གར་ནང་ཡོངས་སུ་གྲགས་པའི་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་རེད། དེ་དག་གིས་རང་རང་གི་ཆོས་དད་བྱས་པ་དེ་ཧ་ཅང་ཡག་པོ་ཡིན་ཡང་། ལྟ་གྲུབ་སྐོར་མར་བཤད་སྐབས། རྟག་གཅིག་རང་དབང་བའི་བདག་ཟེར་བ་དང་། རིགས་གཅིག་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་སྟབས། བཅོམ་ལྡན་འདས་ཀྱི་གསུང་དེ་དེ་དག་དང་མི་འདྲ་བ་ཞིག་ཆགས་ཡོང་དུས་རེ་ཞིག་བཀའ་ཆོས་གནང་རྒྱུ་མེད་གསུངས།
དེ་རྗེས་འབྲེལ་ཡོད་འཁོར་ལྔ་སྡེ་བཟང་པོ་གཙོ་བོ་གྱུར་པའི་སྟོན་པ་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་རོགས་གནང་ཞེས་སྙན་སེང་ཞུས་ཏེ། ཡུལ་ཝ་རཱ་ཎ་སིར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་གསུངས་པ་རེད། ཆོས་འཁོར་དེ་བདེན་པ་བཞི་ལ་བརྩམས་ཏེ་གསུང་འདུག འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། ཞེས་བདེན་བཞིའི་ངོ་བོ་དང་ལྡན་པ། དེ་ནས་བདེན་པ་བཞི་འདི་ལྟར་ཡིན་ན་དེར་བླང་དོར་ག་འདྲ་བྱ་དགོས་པ་རེད་ཅེ་ན། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་དང་། འོ་ན་དེ་དག་སྤང་བླང་བྱེད་རྒྱུའི་བླང་དོར་གྱི་ཡུལ་དེ་དག་ང་ཚོའི་བློ་ལ་སྣང་བ་ནང་ལྟར་དོན་གྱི་ངོས་ནས་གྲུབ་པ་ཡོད་དམ་ཞེ་ན་ཡོད་པ་མ་རེད། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་པ་འདི་བཅོམ་ལྡན་འདས་ཀྱིས་བདག་མེད་པའི་སྐོར་གསུང་གི་འདུག
སྔོན་ལ་འཁོར་ལོ་དང་པོས་བདེན་བཞི་གསུངས་ནས་སྡུག་བསྔལ་རྒྱུ་འབྲས་གཉིས་དང་། དེ་ནས་སྡུག་བསྔལ་བྲལ་བའི་བྲལ་བ་འགོག་བདེན། དེ་འདྲའི་འགོག་བདེན་ཟེར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་གཉེན་པོ་སྐྱེས་པའི་ཐོག་སྤངས་པའི་བྲེལ་བ་ཅིག་ཡོད་ཚེ་ང་ཚོའི་རྒྱུད་ལ་སྐྱེད་ཐུབ་བམ་མི་ཐུབ། སྡུག་བདེན་དང་ཀུན་འབྱུང་ཉོན་མོངས་ང་ཚོའི་བརྒྱུད་ལ་ཡོད་པ་རེད། དེའི་རྒྱུ་ཀུན་འབྱུང་ཞེས་པ་དེ་གང་འདྲ་ཞིག་རེད་འདུག ཡན་ལག་བཅུ་གཉིས་ཞེས་པ་འདི་གསུངས་ནས་ཐོག་མའི་མ་རིག་པ་དང། འདུ་བྱེད། རྣམ་ཤེས་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུང་ཡོད། སྡུག་བསྔལ་སྤང་ཐུབ་དང་མ་ཐུབ། སྡུག་བསྔལ་མེད་པ་བཟོ་ཐུབ་གྱི་ཡོད་དང་མེད་ཞེས་པ་འདི་སྡུག་བསྔལ་གྱི་རྒྱུ་མེད་པ་བཟོ་ཐུབ་རྒྱུ་ཡོད་མེད་དེ་རེད། སྡུག་བསྔལ་གྱི་རྒྱུ་དེ་ཀུན་འབྱུང་བདེན་པ་རྩད་གཅོད་ཡོང་དུས་མ་རིག་པ་ཉོན་མོངས་ལ་ཐུག་ཡོང་གི་འདུག
ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སོགས་ཉོན་མོངས་ལ་རྣམ་གྲངས་ཧ་ཅང་མང་པོ་ཡོད་ནའང་གཙོ་བོ་ཆགས་སྡང་རྨོངས་གསུམ་རེད། ཚགས་སྡང་གཉིས་པོ་འདི་རྩ་བ་རྨོངས་པ་གཏི་མུག་དབང་གིས་ཡོང་གི་ཡོད་སྟབས། ཉོན་མོངས་ཀྱི་རྣམ་གཞག་ཞི་བར་འཁོར་ལོ་བར་པའི་སྐབས་དེའི་དགོངས་འགྲེལ་ཀླུ་སྒྲུབ་ཡབ་སྲས་དེ་དག་གིས་དངོས་འབྲེལ་ཧ་ལས་པའི་སྤང་བྱ་ཉོན་མོངས་ཀྱི་རྣམ་གཞག་ཧ་ཅང་ཞིབ་ཚགས་པོ་འདུག ཉོན་མོངས་སྤང་ཐུབ་རྒྱུ་ཡོད་མེད་ཟེར་རྒྱུ་འདི་ཇི་ལྟར་སྣང་བ་གནང་བཞིན་དོན་ལ་གནས་ཡོད་ན། ཁོ་ལ་གཉེན་པོ་ཡོང་གི་མི་འདུག ཇི་ལྟར་སྣང་བ་ནང་བཞིན་དོན་ལ་གནས་མེད་པ་ཞིག་ཡིན་སྟབས། ཉོན་མོངས་ཟེར་རྒྱུ་འདི་འཁྲུལ་བའི་བློ་ཞིག་གང་ལྟར་ལོག་ཤེས་ཡིན་པར་བརྟེན་ལོག་ཤེས་ཀྱི་བློ་ཇི་ཙམ་ཐོག་མ་མེད་པ་ནས་མར་གོམས་ནས་ག་ཚོད་སྟོབས་ཆེན་པོ་ཡོད་ནའང་གཞི་རྩ་མེད་མཁན་ཞིག་ཆགས་ཡོད། ད་བར་ང་ཚོའི་བརྒྱུད་ལ་བློ་ཕྱིན་ཅི་ལོག་གིས་སྣང་ཚུལ་ག་འདྲ་ཞིག་ཡོང་གི་ཡོད་པ། དེ་ལ་ཞེ་སྡང་ག་འདྲ་ཡོང་གི་ཡོད་པ་དེ་དག་ལ་ཞིབ་ཚགས་པོ་བསམ་བློ་གཏང་རྒྱུ་མ་བྱུང་བ་རེད། འདིའི་སྐོར་དབུ་མའི་གཞུང་ནང་ཧ་ལས་པ་རེད་འདུག རྩ་བ་ཤེས་རབ་ནང་གཙོ་ཆེ་ཤོས་ཉོན་མོངས་དུག་གསུམ་ཞེས་པ་འདི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །རྣམ་པར་རྟོག་ལས་འབྱུང་བར་གསུངས། །ཞེས་རྩ་བ་ཤེས་རབ་ནང་གསུངས་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །