ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༤ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་དྲ་ལམ་བརྒྱུད་རྒྱལ་སྤྱིའི་ཀི་རི་ཤི་ནའི་ཤེས་པའི་ཚོགས་མི་ International Society for Krishna Consciousness (ISKCON) གྷོར་གྷོ་པལ་དྷ་སེ་ལགས་དང་ལྷན་དུ་ཐད་ཀར་བཀའ་མོལ་མཛད་སྐབས་བཀའ་སློབ་སྩལ་དོན། ངོས་རང་རྒྱ་གར་དམིགས་བསལ་བ་ཞིག་དང་ལྷན་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བས་དངོས་གནས་དྲང་གནས་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་ནམ་རྒྱུན་དེང་རབས་རྒྱ་གར་བ་ཚོས་ཕྱིའི་དངོས་པོ་རྐྱང་རྐྱང་གལ་ཆེན་དུ་རྩི་བཞིན་ཡོད་པ་རྗོད་ཀྱི་ཡོད།
རྒྱ་གར་ཡུལ་འདིར་ལོ་ངོ་སུམ་སྟོང་ཙམ་ནས་འཚེ་བ་མེད་པ་དང་སྙིང་རྗེའི་ལྟ་གྲུབ་དར་འཕེལ་བྱུང་ཡོད། དེ་ནི་རྒྱ་གར་སྲོལ་རྒྱུན་གྱི་རིག་གཞུང་ཞིག་རེད། དེང་རབས་རྒྱ་གར་བ་ཚོས་ཕྱོགས་གཅིག་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་རིག་གཞུང་བྱམས་བརྩེ་དང་འཚེ་བ་མེད་པར་ཅུང་ཙམ་སྣང་མེད་དུ་གཏོང་གི་འདུག ངོས་རང་རྒྱ་གར་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་གི་རྗེས་འབྲང་བ་ཞིག་ཡིན། དཔལ་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་ཚང་མ་རྒྱ་གར་བ་རེད། ཐ་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱང་རྒྱ་གར་བ་རེད།
སྔོན་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སངས་རྒྱས་རང་ཉིད་ཀྱིས་རྒྱ་གར་གྱི་ཆོས་ལུགས་གྲངས་ཅན་པ་ Samkhya དང་གཅེར་བུ་བ་Jainism སོགས་ཀྱི་ལྟ་གྲུབ་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་ཉམས་ལེན་གནང་ཡོད། སངས་རྒྱས་བཅོམ་ལྡན་འདས་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད། སངས་རྒྱས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད།
རིམ་པས་རྒྱ་གར་ནང་དཔལ་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བསྟི་གནས་ཁང་དེ་དར་ཁྱབ་བྱུང་ཡོད། སློབ་དཔོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ཆོས་གྲགས་སོགས་དཔལ་ནཱ་ལེནྡྲ་ནས་རེད། ཁོང་ཚོས་ལྟ་གྲུབ་གཏན་ལ་ཕབ་པའི་སྐབས་ཚད་མ་དང་རིག་པའི་ལམ་ནས་གཏན་ལ་དབབ་རྒྱུ་གཙོ་བོ་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་མང་པོ་ལྷག་གི་གོང་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་བྱམས་སྙིང་རྗེ་གཞིར་བཞག་ནས་དར་བའི་འཚེ་བ་མེད་པ་ཟེར་བ་དེ་རིང་ཁ་སང་འགྲོ་བ་མིའི་སྤྱི་ཚོགས་ནང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ཆགས་སྡང་གི་བློར་བརྟེན་ནས་དེ་རིང་ཁ་སང་འགྲོ་བ་མིའི་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་འབྱུང་བཞིན་ཡོད། ཆགས་སྡང་གི་བློ་དེ་དག་རྒྱུ་མཚན་ལ་བསམ་བློ་བཏང་ནས་ཉུང་དུ་གཏོང་དགོས་པ་རེད་མ་གཏོགས། དཀོན་མཆོག་ལ་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཉུང་དུ་གཏོང་ཐུབ་ཀྱི་མ་རེད། ང་ཚོར་ཅིའི་ཕྱིར་བྱམས་བརྩེ་དང་འཚེ་བ་མེད་པ་དགོས་མཁོ་ཡོད་པ་རེད་དམ།
འདས་པའི་ལོ་ངོ་སུམ་སྟོང་ལྷག་གོང་ནས་སེམས་ཞི་གནས་དང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་བྱེད་རྒྱུའི་ལྷག་མཐོང་ཟེར་ནའང་མི་འདུག གང་ལྟར་དཔྱད་སྒོམ་བྱ་རྒྱུ་དེ་རྒྱ་གར་ནང་དར་ཡོད། རྒྱ་གར་གྱིས་འཛམ་གླིང་མི་མང་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་ཐུབ་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད། འཇིག་རྟེན་འདིར་འཚོ་བཞིན་པའི་འགྲོ་བ་མི་རྣམས་ཀྱིས་གཙོས་སྲོག་ཆགས་འབུ་སྲིན་ཕྲ་མོ་དང་། ཐ་ན་བྱ་བྱིའུ་ཡིན་ཡང་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས། འགྲོ་བ་མི་ཞིག་ཡིན་རུང་ཨ་མའི་བྱམས་བརྩེ་མེད་ན་འཚོ་མི་ཐུབ། ང་ཚོའི་མེ་ཚེ་ནི་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས།
འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་སོ་སོར་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་ཀྱང་། བྱམས་བརྩེ་དགོས་པ་ཆོས་ལུགས་ཚང་མས་གཅིག་གྱུར་གསུང་གི་འདུག ནམ་རྒྱུན་ངོས་ཀྱིས་འགྲོ་བ་མིའི་སེམས་ཁམས་དང་འབྲེལ་བའི་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དར་བའི་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་གི་གལ་གནད་སྐོར་རྗོད་ཀྱི་ཡོད་པ་མ་ཟད། ངོས་རང་རྒྱ་གར་གནའ་བོའི་ལེགས་བཤད་ཀྱི་མགྲིན་ཚབ་པ་ཡིན་ཞེས་རྗོད་ཀྱི་ཡོད། ནམ་རྒྱུན་ངོས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་ཐོག་བྱམས་བརྩེ་དང་འཚེ་བ་མེད་པ་ཞེས་པའི་སྐོར་རྗོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།