ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ Covid-19 ཛ་དྲག་ལས་དོན་ཚོགས་ཆུང་གི་བཀའ་ཕེབས་ལྟར་འདི་གའི་སྨན་ཞབས་མ་རྣམས་ནས་གཞིས་མི་ཁྱིམ་ཚང་ངོ་སྡོད་ཇི་ཡོད་ཀྱི་སྡོད་ཁྱིམ་དུ་བསྐྱོད་དེ་གཞིས་མི་ཚང་མར་ནད་ཡམས་དང་འབྲེལ་བའི་ནད་རྟགས་ཡོད་མེད་དང་ཚ་བ་སོགས་བརྟག་དཔྱད་ལས་དོན་བདུན་རེའི་ནང་ཐེངས་རེེ་ཞུས་དང་ཞུ་མུས་ཡིན།
བོད་མིའ་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་འོག་འདི་ག་གཞིས་ཆགས་སྨན་ཁང་གི་ཐོག་སྟེང་དུ་མི་གྲངས་ ༡༠ ཤོང་བའི་སྤྱི་པའི་འགོག་དབྱེ་ཟུར་འཇོག་ཁང་ཞིག་ཟུར་བཙུགས་དང་། དེ་འབྲེལ་དུག་སེལ་བྱ་རྒྱུའི་ཡོ་ཆས་ཁག་བཅས་མཁོ་གྲུབ་ཞུས་ཡོད། འདི་གའི་དགོན་པ་དང་དགོན་པའི་བསྐོར་ལམ། དགོན་པའི་ལམ་གཞུང་། གཞིས་ཀེམ་ཨ་མ་དང་གཞིས་ཀེམ་གྱི་མཐའ་བསྐོར་བཅས་ལ་དུག་སེལ་ལས་དོན་སྤེལ་ཡོད། དེ་བཞིན་ཉེན་སྲུང་ཡོ་ཆས་ཁ་རས་དང་། ལག་སྲིན་སེལ་བྱེད་བཅས་ས་གནས་གཞིས་ཆགས་ཀྱི་སྨན་ཞབས་མ་དང་། ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི། དགོན་པའི་མཁན་པོ་ལྷན་རྒྱས་བཅས་ལ་ཁུངས་འགྲེམས་ཞུས་ཡོད། ས་གནས་འགོ་འཛིན་དང་། སྨན་ཞབས་པ། ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོཌ་ཆུང་གི་ཚོགས་མི་བཅས་སྤོན་ཊར་ BMO སྐུ་ཞབས་ Ajay Doel སར་བཅར་ཏེ་ Covid-19 རིམས་ནད་སྔོན་འགོག་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་རྒྱུས་ལོན་དང་། སྤོན་ཊ་ BMO ཁྱབ་ཁོངས་སུ་ནད་པ་སྐྱེལ་འདྲེན་སྣུམ་འཁོར་བཞི་ཡོད་པས་མཐུན་འགྱུར་ཞུ་རྒྱུའི་ཞལ་བཞེས་བཟང་པོ་ཐོབ།
བར་ལམ་སྒོ་རྒྱག་བཀའ་རྒྱ་རྐྱེན་པས་དམིགས་བསལ་དཀའ་ངལ་འཕྲད་བཞིན་པའི་ངལ་སྩོལ་ཉིན་གླའི་ཐོག་འཚོ་བ་བསྐྱེལ་མཁན་ཡུལ་མི་དབུལ་ཕོངས་རིགས་ལ་སྐམ་ཟས་སྦྱིན་གཏོང་ཆེད་འདི་གའི་གཞིས་མི་མང་ཚོགས་དང་། དེབ་སྐྱེལ་ཚོགས་པ། གཞོན་ནུ། བུད་མེད་ཚོགས་པ་ཁག་བཅས་ནས་ཞལ་འདེབས་སྒོར་ ༡༡༢,༨༥༠ གནང་སོན་བཞིན། གོང་གསལ་ཚོགས་པ་གསུམ་ནས་སྐམ་ཟས་ཉོ་གྲུབ་ཀྱིས་གཞིས་ཆགས་ཉེ་འཁྲིས་གྲོང་གསེབ་ཁག་དང་། འདི་ནས་སྤྱི་ལེ་ ༢༣ ཙམ་གྱི་སར་ཡོད་པའི་ཌག་སྤ་ཏར་ཞེས་པའི་ས་གནས་དང་། གཞན་ཡང་སྤྱི་ལེ་ ༢༦ ཙམ་གྱི་སར་ཡོད་པའི་མལ་ཝ་ཞེས་པའི་ས་གནས་བཅས་སུ་ངོ་བསྐྱོད་ཀྱིས་ཡུལ་མི་ཉམ་ཐག་ ༡༧༠ ལ་སྐམ་ཟས་སྦྱིན་གཏོང་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་ནས་བཀོད་ཁྱབ་ལམ་སྟོན་ཅི་ཕེབས་ལྟར། འདི་གཞིས་ཀྱི་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་ནས་རེས་གཟའ་ལྷག་པ་དང་ཉི་མ་ནམ་ཡིན་ལ་ས་གནས་སུ་ནད་ཡམས་སྔོན་འགོག་གནང་ཕྱོགས་ཀྱི་ཚོགས་འདུ་འཚོག་མུས་སུ་ཡིན། དེ་མཚུངས་དཔལ་ལྡན་བཀའ་ཤག་དང་། ནང་སྲིད། འཕྲོད་བསྟེན་བཅས་ནས་ནད་ཡམས་སྔོན་འགོག་གནང་ཕྱོགས་དང་འབྲེལ་བའི་ལམ་སྟོན་ཇི་ཕེབས་ཁག་ས་གནས་མང་ཚོགས་ལ་སྐབས་དུས་སོ་སོར་གསལ་བསྒྲགས་ཞུས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། འདི་གའི་ཁྱབ་ཁོངས་གཞིས་མི་གྲངས་ ༢ ལ་སྒོར་ ༡༢,༣༩༢ འབབ་ཀྱི་བཟའ་བཅའ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་ཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་ཁང་གླ་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབས་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁྱིམ་ཚང་གྲངས་ ༦ ལ་ས་གནས་ནས་རྒྱབ་གཉེར་ཞུས་དོན་བཞིན་རོགས་དངུལ་སྒོར་ ༥,༠༠༠ རེར་བསྡོམས་སྒོར་ ༣༠,༠༠༠ གནང་སོན་བཞིན་ཁུངས་འགྲེམས་ཞུས་ཡོད་བཅས། །