ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྡེ་ར་ལྡུན་དགེ་འཕེལ་གླིང་གཞིས་གསར་དུ་སྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་བོད་བརྒྱུད་ནཱ་ལེནྡྲའི་ཤེས་ཡོན་ཚོགས་ཆུང་ནས་སྐུའི་འཁྲུངས་སྐར་ལ་དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་བཀོད་ཁྱབ་གཞིར་བཟུང་མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ལ་བཀའ་དྲིན་བསམ་ཤེས་ཀྱིས་མགོན་པོ་གང་ཉིད་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆེད་དཔལ་ནཱ་ལེནྡྲའི་ལོ་རྒྱུས་སྤྱི་དང་། ཡོངས་སུ་གྲགས་པའི་གཙུག་ལག་ཁང་ཆེན་པོ་དེ་ནས་བོད་གངས་ཅན་ལྗོངས་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་གྱི་འགྲེམས་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་དགེ་འཕེལ་གླིང་གི་སྤྱི་མི་དང་གཞིས་མི་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་སྐུ་གསུང་ཐུགས་རྟེན་རྣམས་འཁྱེར་ནས་གཞིས་གསར་ཡོངས་ལ་ཆོས་སྐོར་དང་། དེ་ནས་གཞིས་ཆགས་འདིའི་ཐོག་མའི་དར་ཆེན་བསླངས་ཏེ་དགེ་འདུན་པ་གཉིས་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ལ་འཕྲིན་བཅོལ་ཕུལ་ནས་བསང་གསོལ་དང་། སྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ནས་མི་མང་ལ་གསོལ་ཇ་འབྲས་སུལ་འདེགས་འབུལ་ཞུས།
ཆུ་ཚོད་ ༡༠།༣༠ ཐོག་དགེ་འདུན་པ་གསུམ་དང་སྐུ་མགྲོན་གཙོ་བོ་སྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་དང་རཱ་ཇི་སྤུར་བུ་མེད་མཉམ་ལས་བཟོ་མགོ་ཚེ་རིང་སྒྲོལ་དཀར་ལགས། དགེ་འཕེལ་གླིང་གི་སྤྱི་མི་བརྒྱ་དཔོན་དང་མི་མང་བཅས་ནས་གདན་འཛོམས་ཐོག་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་ཤག་དང་མགྲོན་ཁང་བོད་འབྱོར་ཁྱིམ་ཚང་བཅུ་དྲུག་གི་གཞིས་ཁང་བཅས་སྒོ་འབྱེད་གནང་རྗེས། པཎ་གྲུབ་བཅུ་བདུན་དང་༸སྐུ་མདུན་སྐུ་པར་མཉམ་དུ་ཡོད་པ་ཤཱཀྱའི་དགེ་སློང་ལྟ་གྲུབ་སྨྲ་བ་ཏཱ་ལའི་བླ་མ་ཞེས་༸གོང་ས་མཆོག་མཚན་རྟགས་ཐོག་མར་བཀོད་གནང་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མཐུན་དུ་སྣང་གསལ་ཞལ་ཕྱེ་དང་། སྡེ་ར་ལྡུན་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་མིག་དམར་དབང་འདུས་ལགས་ཀྱིས་བཀའ་དྲིན་རྗེས་དྲན་དང་འབྲེལ་ནས་ནས་གསུང་བཤད་གནང་།
དེ་ནས་བོད་བརྒྱུད་ནཱ་ལེནྡྲའི་ཤེས་ཡོན་ཚོགས་ཆུང་གི་འགན་འཛིན་བློ་བཟང་དཔལ་ལྡན་ལགས་ཀྱིས་ཕྱི་ལོ་མ་བྱུང་སྔོན་ ༤༨༧ བདག་ཅག་གི་སྟོན་བྱ་རྒོད་ཕུང་པོའི་རི་ནས་༼དེ་ཡང་པཱ་ལིའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། ད་ཀུན་དགའ་བོ་ནཱ་ལེནྡྲ་ལ་འདོང་ངོ་ཞེས་པ་ནས་ཕྱི་ལོ་ ༢༠༡༨ བར་གྱི་དཔལ་ནཱ་ལེནྡྲའི་ལོ་རྒྱུས་རྣམ་ཐར་བསྡུས་པ་ཞིག་སྐུ་པར་ཁག་དང་འབྲེལ་གནང་རྗེས་སྐུ་མགྲོན་ཁག་ལ་ཞལ་ལག་དང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་དྲྭ་རྒྱ་བརྒྱུད་སྡེ་ར་ལྡུན་ས་གནས་འགོ་འཛིན་དང་བོད་འབྱོར་ཁྱིམ་ཚང་བཅུ་དྲུག་དགེ་འཕེལ་གླིང་གི་སྤྱི་མི་བརྒྱ་དཔོན་བཅས་ལ་གསུང་བཤད་གནང་སྟེ་མཛད་རིམ་ཁག་རྒྱལ་ཁའི་ངང་གྲོལ། །