ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་ཤག་དང་། ནང་སྲིད་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། ཆོས་རིག་ལས་ཁུངས་བཅས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོོག་དང་འབྲེལ་བའི་གསལ་བསྒྲགས་ཇི་ཕེབས་ཁག་ཁྱབ་ཁོངས་མང་ཚོགས་ལ་སྐབས་དུས་སོ་སོར་གསལ་བསྒྲགས་འཕྱུག་མེད་ཞུས་དང་ཞུ་མུས་ཡིན།
དེེ་བཞིན་དཔལ་ལྡན་བཀའ་ཤག་གི་བཀའ་འབྲེལ་ལྟར་ས་གནས་སོ་སོའི་མངའ་གཞུང་བློན་ཆེན་མཆོག་གི་ཐེབས་རྩར་མི་མང་ནས་བློས་བཅད་ཞལ་འདེབས་འབུལ་དགོས་བཀའ་ཕེབས་དོན་བཞིན། ཁྱབ་ཁོངས་དགོན་སྡེ་ཁག་དང་མི་མང་བཅས་ཀྱི་མཐུན་འགྱུར་འོག་ཞལ་འདེབས་བསྡུ་རུབ་ཀྱིས་མངའ་གཞུང་སྤྱི་ཁྱབ་བློན་ཆེན་མཆོག་གི་ཐེབས་རྩར་ཁྱོན་ཧིན་སྒོར་ ༡༣,༥༨,༧༩༡ ཐམ་པ་ཕུལ་ཐུབ་པ་བྱུང་ཡོད།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་༸རྒྱལ་བའི་སྐུ་ཕྱྭ་དང། བསྟན་སྲིད་ཞབས་རིམ། ལྷག་པར་འཛམ་གླིང་གང་སར་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་གང་མྱུར་དྭངས་སེལ་ཡོང་སླད་ཞབས་རིམ་དང་གཟུངས་སྔགས་ཁག་གནད་སྨིན་འབད་སྒྲུབ་ཞུས་དགོས་ཕེབས་དོན་བཞིན་མི་མང་ནས་གཟུགས་སྔགས་གསོག་བསྒྲུབ་ཞུ་མུས་ཡིན། འདི་གའི་ཁྱབ་ཁོངས་ས་སྐྱ་ངོར་དགོན་པའི་ཉེ་འཁྲིས་ཡུལ་མི་ཉམ་ཐག་རྣམས་ལ་ཧིན་སྒོར་འབུམ་གཉིས་ལྷག་ཙམ་གྱི་སྐམ་ཟས་བགོ་འགྲེམས་ཞུས་ཡོད།
གཞན་ཡང་རྒྱ་གར་རྒྱལ་ཡོངས་སྒོ་རྒྱ་བསྡམས་པའི་དུས་སྐབས་སུ་ས་སྐྱ་བཀྲིས་ཆོས་གླིང་ཐེབས་རྩ་འི་མཐུན་འགྱུར་འོག་ས་གནས་གཞོན་ནུ་ནས་འགན་ཁུར་གྱིས་སྒང་ཏོག་རྒྱལ་ས་ཁུལ་གྱི་ཡུལ་མི་དང་ངལ་རྩོལ་བ་གྲངས་ ༤༠༠ ཙམ་དང་། བོད་མི་ཁྱིམ་ཚང་གྲངས་ ༢༤ བཅས་ལ་སྐམ་ཟས་བགོ་འགྲེམས་ཞུས་ཡོད། ས་གནས་གཞོན་ནུ་བརྒྱུད་སྒང་ཏོག་གནས་སྡོད་གཡུ་ཐོག་བསྟན་འཛིན་ལགས་ཀྱིས་བོད་མི་ཉམ་ཐག་ཁྱིམ་ཚང་ ༣༤ བྱས་པའི་ནང་མི་རེར་སྒོར་ ༣,༥༠༠ ཁུངས་འགྲེམས་ཞུས་ཡོད། ས་གནས་བེུད་ནས་ས་གནས་ཡུལ་མིའི་རྒས་གསོ་ཁང་གཉིས་ལ་ཧིན་སྒོར་སུམ་ཁྲི་ཙམ་གྱི་བཟའ་བཅའ་ཕུལ་ཐུབ་པ་བྱུང་འདུག
དེ་བཞིན་འབྲས་ལྗོངས་ནང་ཆོས་ངོ་སྤྲོད་ཚོགས་པའམ་ནང་ཆོས་བསྟི་གནས་ཁང་ནས་ཡུལ་མི་གྲངས་ ༢༠༠ ལྷག་ཙམ་ལ་ཧིན་སྒོར་འབུལ་གཉིས་ལྷག་གི་སྐམ་ཟས་བགོས་འགྲེམས་ཞུས་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་ལྟར་ས་གནས་སུ་རང་ལོ་ ༦༥ ཡན་སོན་པ་ ༢༦༤ བྱུང་ཁོངས་ནས་མི་གྲངས་ ༢༤༧ ལ་སྨན་རྩིས་ཁང་དང་འཕྲོད་བསྟེན་ལས་ཁུངས་གཉིས་ནས་ལུས་ཟུང་གསོ་བྱེད་བོད་སྨན་ས་གནས་སྨན་རྩིས་ཁང་བརྒྱུད་ཁུངས་འགྲེམས་ཞུས་ཡོད།
ས་གནས་འགོ་འཛིན་ལས་ཁུངས་དང་སྨན་རྩིས་གཉིས་ཐུན་མོང་ཐོག་བོད་མི་གཙོ་བོར་འགྱུར་བའི་མི་གྲངས་ ༩,༧༢༤ ལ་རིན་ཆེན་རིལ་སྲུང་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་འཆད་འུ་ཐུག་དང། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། འདི་གའི་ཁྱབ་ཁོངས་ནང་མི་དཀའ་ངལ་ཅན་གཉིས་ལ་སྒོར་ ༡༠,༠༠༠ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཡོད། གཞན་ཡང་ནང་སྲིད་ལས་ཁུངས་ནས་འདི་གའི་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་བཞི་ལ་འཚོ་སྣོན་དང་བཟའ་འབྲུ་ཆེད་སྒོར་ ༤༢,༠༠༠ མཐུན་འགྱུར་རོགས་རམ་གནང་སོན་བྱུང་ཡོད།
འདི་ག་ལས་ཁུངས་བརྒྱུད་ས་གནས་གཞན་ནས་འབྲས་ལྗོངས་མངའ་སྡེའི་ནང་ཕྱིར་འཁོར་བ་ད་ལྟའི་ཆར་འགོག་དབྱེ་ཟུར་བཀག་ནང་ཡོད་པ་མི་གྲངས་ ༤ ལ་ས་གནས་སྨན་རྩིས་ཁང་བརྒྱུད་ལུས་སེམས་གསོ་བྱེད་གསོལ་སྨན་མཐུན་འགྱུར་སྦྱར་ཐུབ་པ་བྱུང་ཡོད་པ་བཅས། །